འཛམ་གླིང་གི་དཀའ་རྙོག་ཁག་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་སེལ་ཐུབ། ༧གོང་ས་མཆོག་གིས།

2021-01-27
Share
འཛམ་གླིང་གི་དཀའ་རྙོག་ཁག་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་སེལ་ཐུབ། ༧གོང་ས་མཆོག་གིས། སྤྱི་ནོར་༧གོང་ས་མཆོག་གིས་འཛམ་གླིང་གི་གྲོང་ཁྱེར་སྤྱི་ཁྱབ་མང་པོར་བཀའ་མོལ་སྐབས། ༠༡།༢༧།༢༡
OHHDL

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་གྲོང་ཁྱེར་སྤྱི་ཁྱབ་བདུན་ཅུ་ལྷག་ལ་བཀའ་སློབ་སྩལ་སྐབས། དུས་རབས་སྔོན་མ་དང་བསྡུར་ན་འཛམ་གླིང་སྤྱིའི་གནས་སྟངས་བཟང་དུ་ཕྱིན་ཡོད་པ་དང་། འོན་ཀྱང་འཆམ་མཐུན་དང་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་གཏོང་ཐབས་མུ་འཐུད་བྱ་དགོས་པ་བཀའ་གནང་ཡོད་པ་རེད།
ཨ་མི་རི་ཀའི་རྒྱལ་ཡོངས་གྲོང་ཁྱེར་སྤྱི་ཁྱབ་པའི་མཐུན་ཚོགས་དང་། ནུས་ལྡན་གྲོང་ཁྱེར་འབྲེལ་མཐུད་ཅེས་པ་འཛམ་གླིང་་ཡུལ་གྲུ་འདྲ་མིན་གྱི་གྲོང་ཁྱེར་ཁག་ནས་སྤྱི་ཚོགས་ཀྱི་ལས་དོན་ནུས་པ་ལྡན་པའི་ཐོག་ནས་སྤེལ་ཐབས་ཆེད་བཙུགས་པའི་སྒྲིག་འཛུགས་ཐོུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཚེས་ ༢༧ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་དང་ལྷན་དུ་དྲ་ཐོག་གྲོས་མོལ་ཞིག་གནང་ཞིང་། སྐབས་དེར་འཛམ་གླིང་ཡུལ་གྲུ་ ༡༩ ཙམ་ནས་གྲོང་ཁྱེར་ ༧༤ ཡི་གྲོང་ཁྱེར་སྤྱི་ཁྱབ་པ་དང་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མི་སོགས་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་བྱམས་བརྩེ་དང་སེམས་བཟང་ཅན་གྱི་འགོ་ཁྲིད་བསྐྱེད་སྲིང་ཡོང་ཐབས་ཐད་བཀའ་སློབ་སྩལ་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ནང་གི་དཀའ་ངལ་མང་ཆེ་བ་མིས་བཟོས་པ་ཡིན་སྟབས། དེ་དག་སེལ་བའི་ཐབས་ལམ་ཡང་ང་ཚོར་ཡོད་པ་བཀའ་གནང་ཞིང་། དེ་ཡང་གཙོ་བོ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་བའི་ཐོག་ནས་ཡོང་དགོས་པ་བཀའ་གནང་པ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དཀའ་རྙོག་འབྱུང་གཞི་ཆགས་སྡང་གི་བློ་དེ་དག་སྐྱེ་ཚུལ་དང་དེ་དག་ལ་གདོང་ལེན་བྱ་ཚུལ་ཁག་ཤེས་ཡོན་ལམ་ལུགས་ནང་འཇུག་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་དཀའ་རྙོག་ཁག་སེལ་རྒྱུར་དྲག་པོའི་དཔུང་ཤུགས་བེད་སྤྱོད་བྱེད་པའི་དུས་ཚོད་ཡལ་ཟིན་པ་བཀའ་གནང་པ་དང་། ཆེ་ས་ཡུལ་གྲུ་ཕན་ཚུན་དང་ཆུང་ས་ནང་མི་ཕན་ཚུན་གྱི་དཀའ་རྙོག་ཁག་རང་གཞན་བདེ་བ་འདོད་པ་གཅིག་མཚུངས་ཡིན་པའི་བསམ་བློའི་ཐོག་ནས་སེལ་ཐབས་བྱེད་དགོས་པ་བཀའ་གནང་ཡོད། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་འཇོ་སྦཡེ་ཌེན་གྱི་སྲིད་གཞུང་གསར་པའི་ངོས་ནས་རྒྱ་ནག་དང་འབྲེལ་ལམ་བཟང་དུ་གཏོང་ཐབས་ཀྱི་རྣམ་པ་ཡོད་པ་དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ་དཔེ་མཚོན་དུ་གསུངས་ཏེ། ང་ཚོས་དངོས་ཡོད་དང་མཐུན་པའི་འཛམ་གླིང་གཅིག་གི་བསམ་བློའི་ཐོག་ནས་ནས་མདུན་བསྐྱོད་བྱེད་དགོས་པ་ལས། དགྲ་བོ་ཡོངས་རྫོགས་ཚར་གཅོད་བྱེད་མི་ཐུབ་ལ། དངོས་ཡོད་ཀྱི་གནས་སྟངས་ནི་སོ་སོའི་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ང་ཚོ་མཉམ་དུ་གནས་དགོས་རྒྱུ་དེ་ཡིན་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ནི་བློ་མཐུན་གྱི་མི་མང་པོའི་ནུས་པ་མཉམ་དཔུང་གི་ཐོག་ནས་འབྱུང་དགོས་སྟབས། མི་མང་པོ་མཉམ་རུབ་དང་ལྷག་པར་ས་གནས་དང་ཡུལ་ལུང་མི་འདྲ་བའི་གྲོང་ཁྱེར་སྤྱི་ཁྱབ་པ་ཚོ་མཉམ་རུབ་བྱས་ན་འགྱུར་བ་འགྲོ་ཐུབ་རྒྱུ་ཡིན་པས། གྲོང་ཁྱེར་སྤྱི་ཁྱབ་པ་རྣམ་པས་མཉམ་ལས་མུ་མཐུད་གནང་རྒྱུ་དང་། གླིང་ཆེན་མི་འདྲ་བ་དང་ཡུལ་ལུང་མི་འདྲ་བའི་གྲོང་ཁྱེར་སྤྱི་ཁྱབ་པ་ཚོ་མཇལ་འཕྲད་གནང་རྒྱུ་མུ་མཐུད་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།
ད་ལན་གྱི་མཛད་རིམ་གོ་སྒྲིག་གནང་མཁན་གྱི་ཨ་མི་རི་ཀའི་གྲོང་ཁྱེར་སྤྱི་ཁྱབ་པའི་ལྷན་ཚོགས་ནི། ཆབ་སྲིད་ཚོགས་པ་མེད་པར། མི་འབོར་ཁྲི་གསུམ་ལས་བརྒལ་བའི་གྲོང་ཁྱེར་ཁག་གི་སྤྱི་ཁྱབ་པའི་ལྷན་ཚོགས་ཤིག་ཡིན་པ་དང་། གྲོང་ཁྱེར་རེ་རེའི་སྐུ་ཚབ་པ་ནི་མང་གཙོའི་ལམ་ནས་འོས་འདེམས་ཀྱི་གྲོང་ཁྱེར་སྤྱི་ཁྱབ་པ་ཡིན་ཅིང་། ཡང་ཚོགས་པ་གཞན་དེ་ནི་ཐབས་བྱུས་ལྡན་པའི་འབྲེལ་མོལ་ཚོགས་པ་ཟེར་བ་ནས་འཛིན་སྐྱོང་གནང་བཞིན་པ། གྲོང་ཁྱེར་སྟོབས་ལྡན་ཁག་གི་འབྲེལ་ལམ་མཐུད་པའི་དྲ་བ་རུ་འབོད་པ། དབྱིན་ཇིའི་རྒྱལ་ཁབ་ནང་དེབ་འགོད་གནང་བའི་སྲིད་བྱུས་བཟོ་འགོད་དང་ལག་ལེན་གྱི་བདེ་དོན་ཚོགས་པ་ཞིག་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།