༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པར་མཇལ་ཁ་སྩལ་བ།
![༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པར་མཇལ་ཁ་སྩལ་བ། ༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པར་མཇལ་ཁ་སྩལ་བ།](https://www.rfa.org/tibetan/sargyur/dalai-lama-and-european-president-11202023061438.html/@@images/a6a8889e-1b63-4cf5-87b6-8625b3cd9660.jpeg)
ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་Dr. Hans-Gert Potteringལགས་བཞུགས་སྒར་དུ་ཆེད་བཅར་དང་འབྲེལ། སྤྱི་ཟླ་༡༡པའི་ཚེས་༢༠ཉིན་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནང་ཐུགས་དགྱེས་བརྩེ་ཆེན་པོའི་སྒོ་ནས་མཇལ་ཁ་སྩལ་བ་དང་། ཁོ་རང་མི་ལོ་བཅོ་ལྔའི་རྗེས་ནས་༸གོང་ས་མཆོག་དང་མཇལ་བར་དགའ་ཚོར་བྱུང་བ་དང་། ༸གོང་ས་མཆོག་གི་རྒྱུན་རིང་ཐུགས་འདྲེས་ཀྱི་གྲོགས་པོ་ཡིན་པ་གསུང་ཡོད་མུར། སྐུ་ཞབས་ཧན་སི་གྷེར་ཊི་ཕོ་ཊི་རེན་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་སྐབས། ཁོ་རང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་དུས་སྤྱི་ལོ་༢༠༠༨ཟླ་༡༢པའི་ཚེས་༤ཉིན། ཁོང་གིས་༸གོང་ས་མཆོག་ཡོ་རོབ་གྲོས་ཚོགས་སུ་གདན་འདྲེན་ཞུས་པ་དང་། ཡང་༸གོང་ས་མཆོག་དགུང་ལོ་༨༥ཕེབས་པའི་འཁྲུངས་སྐར་ལ་ཕེབས་རོགས་ཀྱི་ཁོ་རང་ལ་མགྲོན་ཤོག་འབྱོར་རུང་། ཏོག་དབྱིབས་ནད་ཡམས་ཀྱིས་བཅར་མ་ཐུབ་པ་དང་། ངོས་ནས་རྟག་པར་༸གོང་ས་མཆོག་མཇལ་འདུན་ཆེན་པོ་ཡོད་པ་མ་ཟད། ༸གོང་ས་མཆོག་ནི་ཆོས་ཕྱོགས་ནས་རེ་ལྟོས་ཆེན་པོ་འཆའ་ཡུལ་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པས། ང་ཚོས་ཁོང་དང་བོད་མི་ཚོར་ཡི་རང་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན་ཁོང་ལ་མཇལ་ཏེ་དགའ་སྤྲོ་དང་། ཡུ་རོབ་གྲོས་ཚོགས་ཀྱིས་རྟག་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡུ་རོབ་གྲོས་ཚོགས་ཀྱིས་ནམ་རྒྱུན་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་གི་ཡོད་པ་དང་ཕྱོགས་མཚུངས། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཞིག་ཡིན་པའི་ཆ་ནས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས། འཛམ་གླིང་གང་སའི་འགྲོ་བ་མིའི་ཐོབ་ཐོང་ལ་སྲུང་སྐྱོབ་ཡོང་བའི་སྐུལ་མ་དང་། ལྷག་པར་ང་ཚོར་ནང་ཆོས་ཀྱི་མིག་ལྟོས་བཟང་པོ་ཆོས་ལུགས་མཐུན་སྒྲིལ་དེ་དགོས་གལ་ཆགས་ཡོད་པའི་ཁར། ༸གོང་ས་མཆོག་གིས་ནང་ཆོས་ཀྱི་སྐུ་ཚབ་མཚོན་པ་དང་བོད་ཕྲུག་རྒྱ་ནག་གི་སློབ་གྲྭ་ཁག་ཏུ་བཅུག་བཞིན་པ་དེ་དང་། བོད་མི་ཀུན་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་ཤིང་། རྒྱ་ནག་དམར་གཞུང་དང་ང་ཚོའི་བར་འབྲེལ་ལམ་བཟང་པོ་དང་དྲང་པོ་དགོས་པའི་ཐོག འབྲེལ་ལམ་དེ་ངེས་པར་འགྲོ་བ་མིའི་ཐོབ་ཐང་གཞི་རྩ་ལ་བཞག་སྟེ། ང་ཚོས་རྒྱ་ནག་དམར་གཞུང་གིས་རྒྱ་ནག་ནང་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་ལུགས་གསལ་བོ་བཟོ་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ཡུ་རོབ་གྲོས་ཚོགས་སུ་ཆིབས་སྒྱུར་གྱི་སྐབས་སུ། སྙན་གྲགས་ཅན་དང་བརྩི་བཀུར་འོས་པའི་ཡུ་རོབ་གྲོས་ཚོགས་ཀྱི་གཙོ་འཛིན་མཆོག་དང་འཐུས་མི་ཚོར་མཇལ་མོལ་གྱི་གོ་སྐབས་བྱུང་བར། མགོན་པོ་གང་ཉིད་ཀྱིས་ཧ་ཅང་གཟི་བརྗིད་དང་དགའ་ཚོར་བྱུང་བ་བཀའ་སྩལ་ཡོད་པ་རེད།
ཡང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་Hans-Gert Potteringདང་ལྷན་ཕེབས་པ། སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ནས་ཀྱང་། ཧན་སི་གྷར་ཊི་ལགས་ནས་སྤྱི་ལོ་༢༠༠༨ལོར་པེ་ཅིང་ཨོ་ལིམ་ཕིཀ་རྩེད་འགྲན་སྐབས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་སྟེ། བོད་ནང་གི་གནས་སྟངས་ལ་འགྱུར་བ་མ་བཏང་ན། ཡུ་རོབ་རྒྱལ་ཁག་ཚོས་རྒྱ་ནག་ནང་ཨོ་རྩལ་འགྲན་ཚོགས་བཀག་འགོག་དགོས་པ་ཤུགས་ཆེ་གསུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་གི་འདུག
ཡུ་རོབ་གྲོས་ཚོགས་ཀྱི་གྲོགས་གཙོ་ཟུར་པ་Hans-Gert Potteringལགས་ཀྱིས། སྤྱི་ལོ་༢༠༠༧ནས་༢༠༠༩བར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་༸གོང་ས་མཆོག་གྲོས་ཚོགས་སུ་གདན་ཞུས་ཀྱིས་བཀའ་སློབ་སྩལ་བ་སོགས། ཡུན་རིང་ཐུགས་འདྲེས་ཀྱི་གྲོགས་པོ་ཡིན་པས། འབྱུང་འགྱུར་རིམ་པས་༸གོང་ས་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་པའི་གོ་སྟོན་གྱི་སྐབས་སུ། ཚོགས་གཙོ་ཟུར་པ་Hans-Gert Potteringམཆོག་སྐུ་མགྲོན་དུ་ཕེབས་རྒྱུའི་མགྲོན་འབོད་ཞལ་བཞེས་གནང་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཁོང་ནི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྒྱུན་རིང་ཤོས་གནང་མཁན་ཞིག་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།