༧གོང་ས་མཆོག་གདན་ས་འབྲས་སྤུངས་སུ་ཞབས་སོར་འཁོད་འདུག

2016-12-16
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་བྱེས་ཀྱི་གདན་ས་འབྲས་སྤུངས་སུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༦།༡༢།༡༦
༧གོང་ས་མཆོག་བྱེས་ཀྱི་གདན་ས་འབྲས་སྤུངས་སུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༦།༡༢།༡༦
པདྨ་དངོས་གྲུབ།/RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མེ་སོར་དང་། བྷེང་གྷ་ལུ་རུ་(Bengluru)་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་ནས་འདི་ཚེས་༡༦་ཉིན་མོན་གྷོ་འདོད་རྒུ་གླིང་ལ་ཞབས་སོར་བདེ་བར་འཁོད་གནང་མཛད་པ་དང་། གདན་ས་ཆེན་པོ་འབྲས་སྤུངས་དགོན་པ་ཕྱག་བཏབས་ནས་ད་ལོ་ལོ་༦༠༠་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག ནང་ཆོས་ཀྱི་གཞུང་ལུགས་ཁག་ལ་སློབ་གཉེར་བྱ་རྒྱུ་གལ་ཆེ་ཡིན་པ་སོགས་ཀྱི་བཀའ་སློབ་གནང་འདུག
༧གོང་ས་མཆོག་གདན་ས་ཆེན་པོ་འབྲས་སྤུངས་ནང་ཆིབས་བསྒྱུར་བསྐྱངས་གནང་གིས་འབྲས་སྤུང་དགོན་པ་ཕྱག་བཏབས་ནས་ལོ་༦༠༠་འཁོར་བའི་དུས་ཆེན་མཛད་སྒོའི་ཐོག་དབུ་བཞུགས་མཛད་ནས་གསུངས་དོན། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས་དགོན་ཕྱག་བཏབས་ནས་ལོ་༦༠༠་འཁོར་བ་རེད། རྗེ་རིན་པོ་ཆེའི་རྗེས་མཇུག་མཁས་པ་རྣམས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བར་རྗེས་སུ་ཡི་རངས་ཡོད་ཅེས་བསྔགས་བརྗོད་གནང་འདུག དེ་བཞིན་དུ་ཡང་༧གོང་ས་མཆོག་གིས། བོད་དུ་དུས་འགྱུར་བྱུང་ནས་བོད་མི་རིགས་དང་རིག་གཞུང་བཅས་བ་ཆག་འཇིག་གི་གཉན་འཕྲང་གི་མཚམས་སུ་བཙན་བྱོལ་ཁྲོད་སངས་རྒྱས་ཀྱི་བསྟན་པ་སླར་གསོའི་ཆེད་དཀའ་བ་ཁྱད་དུ་བསད་དེ་འབད་བརྩོན་བྱས་ནས་རྨང་གཞི་བརྟན་པོ་བཙུགས་པ་རེད་ལ། གལ་ཆེ་ཤོས་དེ་དགེ་བཤེས་དང་གྲྭ་བཙུན་ཚོས་ཧུར་བརྩོན་ལ་བརྟེན་ནས་དེ་རིང་གྲུབ་འབྲས་དངོས་སུ་མཐོང་རྒྱུ་ཡོད་པ་ཐོན་ཡོད་ཅེས་དང་། དེ་བཞིན་དུ་ཡང་༧གོང་ས་མཆོག་གིས། དཔལ་ནཱ་ལེན་དྲའི་ཆོས་རྒྱུད་རྒྱུན་འཛིན་གནང་མཁན་བོད་སོག་གཉིས་ཡིན་པ་དང་། མ་འོངས་པར་སོག་ཡུལ་དུ་བསྟན་པ་སླར་གསོ་ཡོང་རྒྱུའི་ཐུགས་རེ་ཡོད། བོད་ཀྱི་གདན་སའི་གྲྭ་ཚང་ཁག་དང་བཤད་གྲྭ་ཁག་ཏུ་དེ་སྔ་ནང་བཞིན་བསྟན་པ་འཛིན་སྐྱོང་ཆེད་ཧུར་བརྩོན་བྱེད་དགོས་སྐོར་བཀའ་བསྩལ་གནང་མཛད་འདུག
༧གོང་ས་མཆོག་གིས་བོད་མིའི་གཞིས་ཆགས་འདིའི་ནང་ད་དུང་ཡང་མཛད་འཕྲིན་རིམ་པ་མང་པོ་བསྐྱོང་གནང་མཛད་འཆར་ཡོད་པ་དང་། འདི་ཟླའི་ཚེས༢༢་ཉིན་༧གོང་ས་མཆོག་གིས་དགེ་བཤེས་མ་ཐོན་པའི་བཙུན་མ་༢༠་ལ་ཕྱག་འཁྱེར་སྩལ་གནང་གི་ཡོད་པ་དང་། དེ་ནི་ཕལ་ཆེར་ལོ་རྒྱུས་ཐོག་ཐེངས་དང་པོ་ཆགས་རྒྱུ་ཡིན་པ་རེད།
སྤྱི་ཟླ་༡༢་ཚེས་༡༥་ཉིན། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་བྷེང་ལོར་གྲོང་ཁྱེར་གྱི་རྒྱ་གར་རྒྱལ་ཡོངས་ཁྲིམས་ཀྱི་སློབ་གཉེར་ཁང་དུ་ཕེབས་ནས་དེ་གའི་དགེ་སློབ་རྣམས་ལ་བླང་དོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ་དང་། དེ་ཡང་༧གོང་ས་མཆོག་གིས། ངོས་ཀྱིས་རྒྱུན་དུ་ངོས་རང་འཛམ་གླིང་འདིའི་སྟེང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པའི་ཁོངས་ནས་གཅིག་ཡིན་པ་ནན་བརྗོད་བྱེད་བཞིན་ཡོད། ང་ཚོ་ཚང་མ་ཕྱི་ལུས་དང་ནང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་རིགས་གཅིག་པ་ཆགས་ཡོད། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པར་བརྟེན་ང་ཚོར་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཡོད། ཚོར་ཤེས་ལ་བརྟེན་པའི་ཕྱི་ལུས་ཀྱི་བདེ་བ་དེས་འཕྲལ་སེལ་གྱི་བདེ་སྐྱིད་སྦྱིན་ཐུབ། འོན་ཀྱང་ནང་སེམས་ལ་བདེ་སྐྱིད་བྱུང་ན་ཕྱི་ལུས་ལ་དཀའ་ངལ་ཇི་ཙམ་འཕྲད་ཀྱང་དེ་ཙམ་གྱིས་ཁྱད་པར་བཟོ་མི་ཐུབ།
ད་ལྟ་ང་ཚོས་མི་ཕན་ཚུན་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་དེ་གལ་ཆེར་བཟུང་ནས་རྙོག་གྲ་མང་དག་ཅིག་བཟོ་བཞིན་ཡོད། དངུལ་དང་མཚོན་ཆས་རྙོག་གྲ་དེ་དག་སེལ་མི་ཐུབ་པས། ང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པ་བརྒྱུད་དཀའ་ངལ་དེ་དག་སེལ་ཐུབ། ངོས་ལ་གོ་སྐབས་བྱུང་སྐབས་སྐད་ཆ་འདི་ཤོད་བཞིན་ཡོད། རྒྱ་གར་ནི་མི་འབོར་མང་ཞིང་ཆོས་ལུགས་འདྲ་མིན་འཆམ་མཐུན་གྱི་དཔེ་མཚོན་རྒྱལ་ཁབ་ཡག་ཤོས་དེ་ཡིན་པ་དང་། གཞན་རྣམས་ཀྱིས་ཀྱང་དེ་ལྟར་གནང་དགོས་སྐོར་བརྗོད་བཞིན་ཡོད་ཅེས་དང་། དེ་བཞིན་༧གོང་ས་མཆོག་གིས། མགོན་པོ་གང་ཉིད་མཆོག་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་དེ་རྒས་ཡོལ་ཆ་ཚང་ཞུས་ཟིན་པའི་སྐོར་དང་། དེ་མིན་བོད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་ཐད་ཐུགས་འཚབ་ཡོད་པ་ལ་སོགས་པའི་བཀའ་སློབ་བསྩལ་རྗེས་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་བསྩལ་གནང་འདུག།

གསར་འགོད་པ་སྟག་ལྷ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།