༧གོང་ས་མཆོག་གིས་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འཕྲིན་སྩལ།


2019.05.28
རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་(Prem Singh Tamang)མཆོག རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་(Prem Singh Tamang)མཆོག
Government of Sikkim/FB

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་པརེམ་སིངག་ཏ་མང་ལགས་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་གནང་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ད་རེས་ཉེ་ཆར་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་། ཁོང་གི་ཆབ་སྲིད་ཚོགས་པ་(Sikkim Krantikari Morcha)་འམ་(SKM)་ཞེས་པར་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་གནང་ཞིང་། ཁོང་གི་ཆབ་སྲིད་ཚོགས་པར་མངའ་སྡེའི་འོས་བསྡུའི་ནང་འཐུས་མིའི་གདན་གྲངས་༣༢ ནས་༡༧ ཐོབ་ཏེ་འདས་པའི་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་མཁན་པ་ཝཱན་ཅམ་གླིང་གི་ཚོགས་པར་ཕམ་ཉེས་སོང་རྗེས་རེས་གཟའ་ཟླ་བའི་ཉིན་འབྲངས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པའི་མཛད་འགན་བཞེས་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་པརེམ་སིངག་ཏ་མང་(Prem Singh Tamang)མཆོག་ལ་འཚམས་འཕྲིན་སྩལ་བའི་ནང་། བློན་ཆེན་མཆོག་ལ་ད་ཆ་ཐུགས་འགན་ལྗིད་པོ་ཞིག་ཕྲག་ཏུ་བབས་ཡོད་པ་དང་། འབྲས་ལྗོངས་མི་དམངས་རྣམས་ཀྱི་རེ་བ་ལྟར་ཁྱེད་ཀྱི་དབུ་ཁྲིད་འོག་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་ཡོང་བའི་ཡིད་ཆེས་ཡོད་ཅེས་དང་། ལྷག་པར་དུ་མངའ་སྡེའི་ནང་གི་མང་ཚོགས་ཉམས་ཐག་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་དམིགས་བསལ་འབད་བརྩོན་གནང་བའི་རེ་བ་ཡོད་ཅེས་བཀའ་གནང་འདུག
བོད་དང་འབྲས་ལྗོངས་དབར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་བོད་ས་མ་ཤོར་གོང་དང་བཙན་བྱོལ་དུ་ཕེབས་རྗེས་ཀྱང་འབྲས་ལྗོངས་སུ་ལན་མང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེའི་ནང་། ངོས་རང་དེ་སྔོན་འབྲས་ལྗོངས་སུ་ཕེབས་རིམ་ལ་འབྲས་ལྗོངས་མང་ཚོགས་ཀྱིས་སེམས་ཐག་ཉེ་བའི་མཛའ་བརྩེའི་རྣམ་པ་དང་སྣེ་ལེན་བྱས་པར་དགའ་ཚོར་ཆེན་པོ་བྱུང་ཞིང་། དེ་སྔོན་ཕྱི་ལོ་༡༩༥༦་ལོར་ཐོག་མར་འབྲས་ལྗོངས་སུ་སླེབས་པའི་སྐབས་ཀྱི་མང་ཚོགས་ནས་མཛའ་བརྩེ་དང་སྤྲོ་སེམས་འཕེལ་བའི་རྣམ་པ་དེ་དག་ཀྱང་ཐུགས་དྲན་དུ་འཁོར་བ་ཞིག་བྱུང་བ་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་མང་ཚོགས་ལ། འགྲོ་བ་མིའི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་བའི་ཐོག་ནས་དེང་སྐབས་སྤྱི་ཚོགས་ནང་འཕྲད་བཞིན་པའི་དཀའ་ངལ་རྣམས་སེལ་ཐུབ་རྒྱུ་ཡིན་པའི་སྐོར་བཤད་པར་མང་ཚོགས་ཀྱིས་ངར་ཡིད་ཆེས་དང་། དོ་སྣང་ཧ་ཅང་ཆེན་པོ་བྱས་པ་དེ་ནི་སེམས་འགུལ་ཐེབས་གཞིར་གྱུར་ཡོད་པ་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་སུ་ཡང་བཙན་བྱོལ་བོད་མི་ཉུང་ཤས་ཤིག་ཡོད་པ་དེ་དག་ལ་མངའ་སྡེའི་གཞུང་དང་མང་ཚོགས་ནས་མཐུན་འགྱུར་རོགས་རམ་གང་ལེགས་གནང་དང་གནང་མུས་ལ་བསྔགས་བརྗོད་མཛད་པ་དང་སྦྲགས། སྤྱི་ཁྱབ་བློན་ཆེན་གསར་པའི་ལས་དོན་མཐའ་དག་ལམ་ལྷོངས་དང་འབྲས་ལྗོངས་མི་དམངས་ཚོར་བདེ་སྐྱིད་ཕུན་གསུམ་ཚོགས་པ་ཡོང་བའི་ཐུགས་སྨོན་མཛད་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ཉི་ཤུ་རྩ་ལྔ་རིང་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པ་ཝཱན་ཅམ་གླིང་མཆོག་ལ་(Pawan Chamling)ཁོང་གི་ཆབ་སྲིད་ཚོགས་པར་ད་རེས་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་རྒྱལ་ཁ་ཐོབ་མེད་ཀྱང་ཁོང་གིས་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་གནང་བའི་སྐབས། བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་ཀྱང་སྩལ་འདུག་ལ།  ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཡུལ་འཁོར་ཆེན་པོ་འདིའི་ནང་མང་གཙོའི་རིང་ལུགས་སྲ་བརྟན་རྒྱུན་སྐྱོང་བྱེད་སྟངས་དེས་མང་གཙོའི་བསམ་བློ་ཚད་ལོངས་བ་མཚོན་བཞིན་ཡོད་པར་བསྔགས་བརྗོད་གནང་ཞིང་། དེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་མང་འབྲས་ལྗོངས་སུ་ཕེབས་སྐབས་སྤྱི་ཁྱབ་བློན་ཆེན་ཟུར་པ་ ཅམ་གླིང་མཆོག་གིས་སེམས་ཐག་ཉེ་པོ་དང་། མཛའ་བརྩེ་ཆེན་པོས་ཕེབས་བསུའི་སྣེ་ལེན་གནང་པར་་དེ་རིང་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་གནང་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེའི་ནང་། སྐུ་ཉིད་ལ་ལོ་ངོ་ཉི་ཤུ་ཙམ་རིང་འབྲས་ལྗོངས་མི་མང་ལ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཐོབ་པ་འདི་ནི་ངོ་མཚར་ལྡན་ཞིང་། དུས་སྐབས་དེའི་རིང་མི་མང་གི་འཚོ་བར་ཡར་རྒྱས་ཆེན་པོ་བྱུང་བ་དང་། འབྲས་ལྗོངས་མངའ་སྡེའི་ནང་བོད་མི་བཙན་བྱོལ་བ་ཉུང་ཤས་ཡོད་པ་རྣམས་མངའ་སྡེའི་གཞུང་མང་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གནས་སྟངས་འགྲིག་ཐག་ཆོད་ཆགས་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སྩལ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎