༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་ཉི་ཤུ་འཁོར་བ་རྣམས་ལ་སྲོང་བཙན་སྒམ་པོའི་སྐུ་བརྙན་སྩལ་བ།

2024.06.14
༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་ཉི་ཤུ་འཁོར་བ་རྣམས་ལ་སྲོང་བཙན་སྒམ་པོའི་སྐུ་བརྙན་སྩལ་བ། ༸གོང་ས་མཆོག་གིས་ཞབས་ལོ་ ༢༠ འཁོར་བའི་ལས་བྱེད་རྣམས་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༤།༠༦།༡༤
དགའ་ལྡན་ཕོ་བྲང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་པ་ལུགས་མཐུན་བགྲེས་ཡོལ་དུ་ཕེབས་མཁན་ཚོ་དང་ཞབས་ལོ་ ༢༠ འཁོར་བ་ཚོ་བཅས་ལ། ཐུགས་རྗེ་ལེགས་འབུལ་མཚོན་པར་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་ཕྱག་ཁྱེར་དང་། བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་རེ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གི་སྐུ་མདུན་ནས་གནང་ལམ་ཡོད་པ་བཞིན། འདི་ལོར་ཡང་བགྲེས་ཡོལ་དུ་ཕེབས་པ་དང་ཞབས་ལོ་ ༢༠ འཁོར་བ་གཞུང་ཞབས་དགུ་ལ། སྤྱི་ཟླ་ ༦ པའི་ཚེས་ ༡༤ ཉིན་བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་མཇལ་ཁ་སྩལ་བ་དང་ཆབས་ཅིག བོད་རྗེ་སྲོང་བཙན་གྱི་སྐུ་བརྙན་རེ་ཕྱག་དྲོན་མོ་ནས་གནང་ཡོད་པར་བརྟེན། སྲི་ཞུ་ལས་བྱེད་ཟུར་པ་རྣམ་པ་ཧ་ཅང་དགའ་ཚོར་དང་། གཙོ་ཆེར་གཞུང་ཞབས་རྒན་པ་རྣམས་ཀྱིས་ལས་ཀ་ཡག་པོ་བྱས་བཞག་པ་ཁག་ལ་མིག་དཔེ་བལྟས་ཏེ། གཞོན་སྐྱེས་ཚོས་རྒན་པའི་ལས་དོན་མཇུག་སྐྱོང་གི་རེ་བ་གནང་གི་ཡོད་པ། གཞུང་ཞབས་ཟུར་པ་མཁས་གྲུབ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

བོད་མིའི་སྒྲིག་འཛུགས་ནང་ལོ་མང་ཕྱག་ལས་གནང་སྟེ་འབྲེལ་ཡོད་བགྲེས་ཡོལ་དུ་ཕེབས་མི་ཚོར། ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་ཐུགས་རྗེ་ལེགས་འབུལ་དུ་༸གོང་ས་མཆོག་གི་སྐུ་མདུན་ནས་སྲོང་བཙན་སྒམ་པོའི་སྐུ་བརྙན་གནང་ལམ་དེ་ལོ་མང་སྔོན་ནས་ཡོད་པ་དང་། ཆེ་བསྟོད་སྐུ་བརྙན་བཞེས་མཁན་གྱི་ཆ་རྐྱེན་ནི་ཞབས་ལོ་ཧྲིལ་བོ་ ༢༠ འཁོར་ནས་བགྲེས་ཡོལ་སྔ་བསྣུར་དང་། སྐུ་ཚེ་ཧྲིལ་བོ་ཞབས་ཞུ་ཞུས་པ་བགྲེས་ཡོལ་དུ་ཕེབས་པ་གཉིས་ཀ་ཆགས་ཡོད་སྐོར། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་སྤེ་ཟུར་དབང་འདུས་ཚེ་རིང་ལགས་ནས་འགྲེལ་བརྗོད་གནང་གི་འདུག

ཉི་ཧོང་དོན་གཅོད་ཟུར་པ་ལྷག་པ་མཚོ་སྒོ་ལགས་ནས་སོ་སོས་མི་ཚེ་ཧྲིལ་བོར་ཞབས་ལོ་ཕལ་ཆེར་ ༤༠ མ་ཟིན་གྱི་རིང་། གཞུང་ལ་ཞབས་ཞུ་བསྒྲུབས་པར་ངོས་འཛིན་གྱི་ཚུལ་དུ་སྲོང་བཙན་སྐུ་བརྙན་༸གོང་ས་མཆོག་གི་མདུན་ནས་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་སྤྲོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

མི་ལོ་ ༢༢ རིང་བོད་མིའི་སྒྲིག་འཛུགས་སྤྱི་དང་ཁྱད་པར་བཀའ་དྲུང་ཡིག་ཚང་གི་ནང་ཕྱག་ལས་གནང་མཁན་བཀྲ་ཤིས་ཐག་གཅོད་ལགས་ནས། སོ་སོའི་ཕ་ཡུལ་གྱི་ལུང་བའི་ནང་སྔ་མོ་གཞུང་ཞབས་བྱུང་མྱོང་མེད་པར་བརྟེན། སོ་སོས་ལོ་ ༢༢ རིང་གཞུང་ཞབས་བྱ་རྒྱུ་བྱུང་བར་ཧ་ཅང་བསྐལ་བ་བཟང་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

གཞུང་ཞབས་བགྲེས་ཡོལ་དུ་ཐོན་པ་དང་ཞབས་ལོ་ ༢༠ འཁོར་བ་བཅས་ལས་བྱེད་འདེམས་ལྷན་གྱིས་ཆེ་བསྟོད་ཕྱག་ཁྱེར་དང་སྐུ་བརྙན་ཕུལ་སའི་ད་ལན་གྱི་མི་དགུ་ཡོད་པ་ཁག་ནི། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་འདྲ་མིན་གྱི་ནང་མི་ལོ་ཉི་ཤུ་རྩ་གྲངས་ནས་བཞི་བཅུ་ལྷག་རིང་ཕྱག་ལས་གནང་མཁན་གྱི་གཞུང་ཞབས་པ་ཞེ་གཅིག་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།  
རྩོམ་སྒྲིག་པ། བསྟན་འཛིན་པདྨ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྩམས་པའི་བདེན་དོན་གླེང་བའི་གཏམ་ཟེར་བའི་དེབ་ཅིག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་དབུ་འབྱེད་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎