༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་རྗེས་ད་ཆ་སྐུའི་འཕྲོད་བཞེས་ཡག་པོ་ཆཊ་ཡོད་པ་ཨ་རིའི་ཕྱི་ལུཊ་སྨན་པ་ཛོར་བྷ་ལགས་ཀྱིས་གསུངས་བྱུང་།
ཨ་རིའི་(Wisconsin)མངའ་སྡེའི་མེ་ཌི་སན་གྲོང་ཁྱེར་ནས་ཡིན་པའི་ལོ་ན་༧༧ཅན་གྱི་ཕྱི་ལུགས་སྨན་པ་ཛོར་བྷ་ལགས་ནི། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་དང་འབྲེལ་བའི་ཕྱི་ལུགས་སྨན་པ་ཡིན་པ་མ་ཟད། མགོན་པོ་མཆོག་དང་ཧ་ཅང་ཐུགས་འདྲིས་ཆེ་བའི་མཛའ་བཤེས་ཀྱི་གྲོགས་པོ་རྙིང་པ་དང་མགོན་པོ་མཆོག་གི་རྗེས་འཇུག་པ་ཞིག་ཀྱང་ཡིན་པ་དང་། དེ་བཞིན་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནས་བོད་མི་བཙན་བྱོལ་པའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་ཤེས་ཡོན་སོགས་འཚོ་བའི་གནས་སྟངས་ཡར་རྒྱས་ཐད་ཕྱག་ལས་མང་དག་གནང་མཁན་ཞིག་ཡིན།
འདི་ལོ་ཨ་མི་རི་ཀའི་ནང་༧གོང་ས་མཆོག་གི་ཞབས་པུས་ལ་སྨན་བཅོས་གནང་སྐབས། སྨན་པ་ཛོར་བྷ་ལགས་ནིའུ་ཡོག་ཏུ་༧སྐུའི་འཕྲོད་བཞེས་དང་འབྲེལ་བའི་ཕྱག་རོགས་ཐད་ཕེབས་ཡོད་ཅིང་། ཉེ་ཆར་ཁོ་རང་བཞུགས་སྒར་དུ་ཕེབས་སྐབས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཐད་གསུངས་སྐབས། ཁོང་གིས། ང་རང་རྡ་རམ་ས་ལར་༧སྐུའི་འཕྲོད་བཞེས་དང་འབྲེལ་ཏེ། མཇལ་ཁར་བཅར་ཞོར་དུ་གསོལ་སྨན་རིགས་ཁ་ཤས་གང་ཉིད་ལ་འབུལ་ཆེད་ཁྱེར་ཡོད་པ་ཕུལ་སྐབས། མགོན་པོ་གང་ཉིད་སྐུ་གཟུགས་ཧ་ཅང་བདེ་ཐང་དང་༧སྐུའི་ནུས་སྟོབས་ཡག་པོ་རྒྱས་འདུག་པས། བར་སྐབས་ཞབས་པུས་སྨན་བཅོས་དེ་ཧ་ཅང་ལམ་འགྲོ་ཆེན་པོ་བྱུང་འདུག་པ་དང་། ལྷག་པར་༧གོང་ས་མཆོག་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་མཇལ་སྐབས་ཀྱང་། ཁོང་གི་སྐུ་གཟུགས་ཀྱི་ནུས་ཤུགས་དེ་ངོ་མཚར་ཆེ་ལ། གསུང་སྐད་ཀྱི་ཤུགས་ཀྱང་ཇེ་ཆེ་དང་ཇེ་བཟང་དུ་ཕྱིན་འདུག་པ་དང་དུས་མཚུངས། ཞབས་ཐང་དུའང་ཡག་པོ་ཕེབས་ཐུབ་ཀྱི་འདུག་པའི་ཁར། དམིགས་བསལ་ཉིན་རེ་བཞིན་༧སྐུའི་འཕྲོད་བཞེས་ཡར་རྒྱས་ཀྱི་ཆེད་སྐུ་གཟུགས་སྦྱོང་བརྡར་ཀྱང་གང་ལེགས་གནང་གི་འདུག་པ་དང་། ད་ཆ་སྔོན་མ་ལས་ཏན་ཏན་སྐུ་གཟུགས་ཀྱི་ནུས་ཤུགས་ཆེ་རུ་ཕྱིན་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ད་རེས་ཙམ་མིན་པར་ཕྱི་ལུགས་སྨན་པ་ཛོར་བྷ་ལགས་ཀྱིས་ཨ་རིའི་(Mayo Clinic)་སྨན་ཁང་ནང་། ༧གོང་ས་མཆོག་གི་༧སྐུའི་འཕྲོད་བཞེས་ལ་ལོ་འཁོར་བརྟག་དཔྱད་གོ་སྒྲིག་ལོ་མང་རིང་ནས་གནང་བཞིན་ཡོད་སྟབས། ཁོང་ལ་འདི་ལྟ་བུའི་འབྲེལ་བ་དང་འགན་འཁུར་ཇི་ལྟར་བྱུང་ཚུལ་སྐོར་བཀའ་འདྲི་ཞུས་སྐབས། སྨན་པ་ཛོར་བྷ་ལགས་ཀྱིས་ཐེ་ཚོམ་མེད་པར་དེ་ནི་ངའི་ལས་དང་བསོད་ནམས་རེད་ཅེས་དང་། ཕྱོགས་གང་ཅིའི་ཐོག་ནས་༧གོང་ས་མཆོག་གིས་ང་ལ་བཞག་པའི་ཤུགས་རྐྱེན་ནི་ངའི་མི་ཚེ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་མ་ཟད། ང་ཙམ་མིན་པར་ངའི་བཟའ་ཟླ་དང་བུ་ཕྲུག་སོགས་ནང་མི་ཚང་མར་མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་མཛད་བཟང་གིས་ཤུགས་རྐྱེན་ཧ་ཅང་བཟང་པོ་ཐེབས་ཡོད་པས། མགོན་པོ་གང་ཉིད་ནི་ང་ཚོའི་མི་ཚེའི་ལམ་སྟོན་དང་མིག་དཔེ་བལྟ་ས་ཉག་གཅིག་དེ་ཡིན་ཞེས་གསུངས་བྱུང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གི་ཡུན་རིང་མཛའ་བཤེས་ཀྱི་གྲོགས་པོ་ཕྱི་ལུགས་སྨན་པ་ཛོར་བྷ་ཕ་སེ་ཊར་(Zorba Paster)་ལགས་ལོ་ལྟར་བཞུགས་སྒར་དུ་བཅར་བཞིན་པ་དང་། དེ་ནི་གཙོ་བོ་༧གོང་ས་མཆོག་ལ་མཇལ་རྒྱུ་དང་བོད་ཕྲུག་ལོ་ཆུང་ཚོར་ཐུག་འཕྲད། ད་དུང་རྡ་རམ་ས་ལའི་བོད་ཟས་མོག་མོག་དང་ཐུག་པ་བཅས་ལ་ཧ་ཅང་དགའ་མོས་ཡོད་པས་ཡིན་པ་ངོ་སྤྲོད་གནང་གི་འདུག
ནང་ཆོས་དང་འཕྲད་པ།
སྨན་པ་ཛོར་བྷ་ལགས་ལོ་གཞོན་དུས་སུ་ཆོས་རྒྱམ་དྲུང་པ་རིན་པོ་ཆེས་བརྩམས་པའི་སྒོམ་གྱི་ལག་ལེན་(Meditation in Action)་ཞེས་པའི་ཕྱག་དེབ་དེ་བཀླགས་ནས་སེམས་ལ་འཇུག་པོ་བྱུང་ཡོད་པ་དང་། རྗེས་སུ་རིམ་པས་ཕྱི་ལོ་༡༩༦༨ ལོར་ (University of Wisconsin-Madison)་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་སྐབས། དགེ་བཤེས་ལྷུན་འགྲུབ་བཟོད་པ་རིན་པོ་ཆེ་ལགས་ཀྱི་ཆོས་ལུགས་དང་འབྲེལ་བའི་སློབ་ཁྲིད་ཁག་ཏུ་འཛུལ་ཞུགས་ཀྱིས་བོད་མི་ཞིག་དང་དངོས་སུ་ཐེངས་མ་དང་པོར་འཕྲད་ཡོད་ཅིང་། ཁོང་གིས་མུ་མཐུད་དགེ་བཤེས་ལགས་ཀྱི་དྲུང་དུ་ཆོས་ཁྲིད་ལ་གསན་བསམ་གྱིས་འབྲེལ་བ་ཇེ་ཟབ་དུ་ཕྱིན་པ་དང་། དགེ་བཤེས་བཟོད་པ་རིན་པོ་ཆེ་ལགས་ནི་༧གོང་ས་མཆོག་དང་ལྷན་དུ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ནས་༧སྐུ་མདུན་དང་ཐུགས་ཉེ་བོ་ཡོད་པར་བརྟེན། ཕྱི་ལོ་༡༩༨༡ ལོར་སྤྱི་ནོར་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་དེ་སྩལ་སྐབས་ཀྱང་མགོན་པོ་མཆོག་སྨན་པ་ཛོར་བྷ་ལགས་ཀྱི་ཁྱིམ་དུ་མདུན་ཕྲག་གཉིས་རིང་བཞུགས་ཏེ་སྨན་པ་ཁོང་གིས་༧གོང་ས་མཆོག་ལ་ཞབས་ཞུའི་བསྐལ་བ་བཟང་པོ་ལྡན་ཡོད་པ་རེད། དེའི་ཐད་ཁོང་གིས། སྐབས་དེར་ང་ལ་གཞན་དང་མི་འདྲ་བའི་ཚོར་བ་དམིགས་བསལ་ཅིག་བྱུང་ལ་། ༧གོང་ས་མཆོག་བཞུགས་པའི་རིང་དེར་ང་ཚོའི་ཁྱིམ་ཚང་གི་ཁོར་ཡུག་དེ་ཁྱད་པར་བ་ཞིག་ཏུ་གྱུར་སོང་བའི་སྣང་བ་བྱུང་། མཐའ་མར་ང་ཚོའི་ཉལ་ཁང་དུ་ངེད་ནང་མི་ཚོར་མཇལ་ཁ་དང་གཞན་ལ་བྱམས་སྙིང་རྗེ་དང་བརྩེ་སེམས་ཉམས་ལེན་དགོས་པའི་སྐོར་བཀའ་སློབ་ཕེབས་པ་དང་སྦྲགས་ང་ཚོ་ལ་ཐུགས་རྗེ་ཆེ་གསུངས་བྱུང་ཅེས་དང་། གཞན་ཡང་ཁོང་གིས་དགོད་བྲོ་བའི་གནས་སྟངས་ཤིག་ཀྱང་གསུངས་དོན་ལ། ༧གོང་ས་མཆོག་མ་ཕེབས་གོང་ང་ཚོས་ནང་དུ་ཕྲུ་གུ་ཆུང་ཆུང་གསུམ་ཡོད་སྟབས། དེ་ལ་དཔག་པའི་གཙང་བཟོ་གང་ཐུབ་ཀྱིས་མཐར་ཅ་ལག་ཕལ་མོ་ཆེ་ཁང་པའི་ཤོད་དུ་བླུགས་པ་ཡིན་ཅིང་། ༧གོང་ས་མཆོག་ཆིབས་བསྒྱུར་གྱིས་གཟིམས་ཁང་དུ་འཁྱུག་ཙམ་རིང་གཟིགས་རྗེས། ཁང་པའི་ཤོད་དུ་ཕེབས་སོང་བས་ཅ་ལག་ཚང་མར་གཟིགས་ཏེ་བཞད་མོ་བཞད་ནས་ངས་ཆེད་དུ་འདི་འདྲ་གནང་དགོས་ཀྱི་མ་རེད་ཅེས་གསུངས་སོང་བའི་གནས་ཚུལ་དེ་ཡང་ཕྱིར་དྲན་དང་བཅས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཕྱི་ལོ་༡༩༨༩ ལོར་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་རྗེས་ཐད་ཀར་(Madison)་དུ་མཐོ་སློབ་ཞིག་ནང་བཀའ་སློབ་གནང་བར་ཕེབས་སྐབས། སླར་ཡང་སྨན་པ་ཛོར་བྷ་ལགས་ཀྱི་ཁྱིམ་དུ་མགོན་པོ་མཆོག་ཆིབས་བསྒྱུར་གྱིས། སྨན་པ་ཁོང་གི་ནང་མི་དང་བཅས་པར་ཐུགས་རྗེ་ལེགས་འབུལ་གྱི་བཀའ་མཆིད་གནང་རྒྱུ་ཡང་བྱུང་འདུག
སྤྱི་ཚོགས་ཡར་རྒྱས་དང་རྒྱུན་གནས་ལ་རོགས་རམ།
སྨན་པ་ཁོང་རྡ་རམ་ས་ལར་ཐེངས་དང་པོ་༡༩༧༦ ལོར་ཕེབས་སྐབས་བོད་ཀྱི་དཔེ་བཛོད་ཁང་དུ་བཞུགས་ཤིང་། སྐབས་དེ་དུས་དང་བསྡུར་ན་དེང་སང་བོད་པའི་སྤྱི་ཚོགས་འདི་འཕྲོད་བསྟེན་དང་དཔལ་འབྱོར་གང་ཅིའི་ཐད་ཡར་རྒྱས་ཞེ་དྲག་ཕྱིན་ཡོད་པའི་དོ་སྣང་བྱུང་འདུག་ལ། བར་ལམ་ཁོང་གིས་བོད་པའི་སྤྱི་ཚོགས་ཁྲོད་གློ་གཅོང་གི་ནད་མང་པོ་ཡོད་པར་གཟིགས་ནས། བདེ་ལེགས་སྨན་ཁང་དང་དེ་བཞིན་(Johns Hopkins University School of Medicine)་དང་། (University of Wisconsin–Madison)་སོགས་མཉམ་རུབ་ཀྱིས་བོད་པའི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་ནང་གློ་ནད་མེད་པ་བཟོ་རྒྱུའི་ལས་གཞི་ཞིག་ལོ་བཅུ་ཙམ་སྔོན་ལ་འགོ་བཙུགས་ཏེ་ད་བར་གློ་ནད་བརྒྱ་ཆ་༧༨་ཇེ་ཉུང་དུ་སོང་ཡོད་པ་དང་མཚུངས་ལས་གཞི་དེ་མུ་མཐུད་དུ་ཡག་པོ་འགྲོ་བཞིན་ཡོད་པ་རེད།
དེ་མིན་ཡང་ཁོང་གིས་བདེ་ལེགས་སྨན་ཁང་དུ་ཡོ་ཆས་དང་སྨན་སོགས་མཁོ་སྒྲུབ་ཀྱི་མཐུན་རྐྱེན་སྦྱོར་ཆེད་ལོ་མང་རིང་དངུལ་གསོག་འཇོག་བྱས་པ་དང་། (Friends of Delek Hospital)་ཞེས་པའི་ཚོགས་པ་ཞིག་ཀྱང་གསར་འཛུགས་གནང་སྟེ། ལོ་ཤས་སྔོན་ནས་སྨན་པ་དང་སྨན་ཞབས་པ་འགའ་ཤས་གཟའ་འཁོར་གཅིག་གི་རིང་། ཨ་རིའི་གཙུག་ལག་སློབ་གྲྭ་ཁག་ཅིག་གི་ནང་ལག་རྩལ་སོགས་སྤུས་ལེགས་ཡར་རྒྱས་གཏོང་ཐབས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཀྱང་གནང་ཐུབ་འདུག
དེའི་སྟེང་ཁོང་གིས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ནང་དེང་དུས་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་དགོས་པ་གལ་ཆེན་དུ་གཟིགས་ཏེ་གློག་ཀླད་རྩིས་འཁོར་མང་དག་ཅིག་གོ་སྒྲིག་གནང་བ་མ་ཟད། ཁོང་གིས་འཛམ་གླིང་གང་སར་གནས་པའི་བོད་མི་ཡོངས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་གནས་ཐུབ་པ་བྱེད་རྒྱུ་གལ་ཤིན་ཏུ་ཆེ་ཞིང་། ལྷག་པར་དུ་བོད་ཕྱི་ལ་སྨྲ་བརྗོད་རང་དབང་ལྡན་པའི་ལུང་པར་ཡོད་པའི་བོད་ཕྲུག་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་དང་། སྲོལ་རྒྱུན་གྱི་གོམས་གཤིས། རིག་གཞུང་བཅས་ལ་སློབ་སྦྱོང་བྱེད་རྒྱུ་དང། རིག་གཞུང་དེ་དག་འཕེལ་རྒྱས་འགྲོ་ཐུབ་པ་བཟོ་རྒྱུའི་འགན་འཁུར་དགོས་པ། དེ་ཡང་སློབ་སྦྱོང་དང་འབད་བརྩོན་གང་འཚམས་བྱས་ན་སྒྲུབ་ཐུབ་པ་ཞིག་ཡིན་པས། དེང་དུས་ཀྱི་སློབ་སྦྱོང་དང་མཉམ་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་བྱ་དང་རིག་གཞུང་གཏིང་ཟབ་སྦྱང་ཐུབ་ན། རྡོ་ལག་བརྒྱུད་ལྟར་བོད་ཀྱི་མི་རབས་རྗེས་མ་ཚོས་ཏག་ཏག་རྒྱུན་འཛིན་བྱེད་ཐུབ་ངེས་རེད། ཅེས་གསུངས་བྱུང་།
གསར་འགོད་པ། བསྟན་འཛིན་ནོར་འཛོམས། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།