ཨ་རིས་རྒྱ་ནག་གི་ཁེ་ལས་ ༤༣ བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་གཉིས་ཡོད་འདུག

ཤིན་ཅང་དང་དེ་མིན་གྲངས་ཉུང་མི་རིགས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་བཅུག་པ་དང་ངལ་རྩོལ་ནུས་ཤུགས་སྤོས་པར་ཨ་རིས་རྒྱ་ནག་གི་ཁེ་ལས་བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་ཁེ་ལས་གཉིས་ཚུད་འདུག

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༣༡ ཉིན་ཨ་རིའི་གཞུང་གིས་ཤིན་ཅང་དང་དེ་མིན་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གི་ཁེ་ལས་ཚོང་གཉེར་ཁང་ཁག་ཅིག་གིས་བཙན་གནོན་བྱས་པར་དོགས་གཞིའི་ཡོད་པའི་ཐོག་ནས་རྒྱ་ནག་གི་ཁེ་ལས་༤༣ གྱི་ཐོན་རྫས་ཨ་རིའི་ཁྲོམ་རྭར་ནང་འདྲེན་བྱེད་རྒྱུར་བཀག་སྡོམ་གསར་པ་བྱས་སྐོར་ཨ་རིའི་རྒྱལ་ནང་བདེ་འཇགས་ལས་ཁུངས་ཀྱིས་རེས་གཟའ་པ་སངས་ཉིན་བརྗོད་ཅིང་། ཁེ་ལས་འདིའི་ནང་ནས་གཉིས་བོད་དང་འབྲེལ་བ་ཡོད་འདུག

གསར་དུ་ཁ་སྣོན་བྱས་པའི་རྒྱ་ནག་གི་ཁེ་ལས་འདི་རྣམས་ནི་ཡུ་གུར་ལ་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་བར་ཨ་རིའི་སྔོན་འགོག་གི་ཁྲིམས་ཞེས་པའི་ནང་གི་ཁེ་ལས་མིང་གཞུང་ནང་བཅུག་པ་དང་། ཁྲིམས་དེའི་ནང་དུ་ཤིན་ཅང་དུ་ཐོན་སྐྱེད་བྱས་པའམ། མིང་གཞུང་ནང་བཅུག་པའི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་དངོས་ཟོག་རྣམས་བཙན་ཤེད་ཀྱིས་ངལ་རྩོལ་བརྒྱུད་ནས་བཟོ་སྐྲུན་བྱས་ཏེ་ཐོན་པ་ཡིན་པའི་སྔོན་དཔག་བྱས་ཏེ། དཔང་རྟགས་གསལ་པོ་ར་སྤྲོད་མ་ཐུབ་བར་ཨ་རིར་ནང་འདྲེན་བྱ་མི་ཆོག་ཅེས་བཀོད་ཡོད།

ཁ་སྣོན་བྱས་པའི་བཀག་སྡོམ་གྱི་མིང་གཞུང་གསར་པ་འདིའི་ནང་གློག་ཆས་དང་། གློག་རྫས་རྒྱུ་ཆ། ལྕགས་རིགས། ལི་ཐིམ་གཏེར་རྫས། སྨན་རྫས། བལ་དང་ཟས་རིགས་བཅས་ཀྱི་ཁེ་ལས་ཚུད་ཡོད་འདུག ཡང་ཨ་རིས་ཤིན་ཅང་ནས་རྒྱུ་ཆ་ཉོ་བའམ། ས་གནས་གཞུང་དང་མཉམ་ལས་ཀྱིས་ཡུ་གུར་དང་དེ་མིན་མི་རིགས་གཞན་གྱི་ཁྲོད་ལས་མི་བསྡུ་ལེན་དང་ས་ཁུལ་གཞན་དུ་ལས་མི་གནས་སྤོ་བྱས་པའི་ལས་གཞིའི་ནང་མཉམ་ལས་བྱེད་མཁན་ཁེ་ལས་དེ་ཚོར་དམིགས་པ་ཞིག་ཡིན་སྐོར་བརྗོད་ཀྱི་ཡོད་རུང་། རྒྱ་ནག་གཞུང་གིས་ཁས་ལེན་བྱེད་ཀྱི་མེད་པ་རེད།

ཤིན་ཅང་དང་དེ་མིན་གྲངས་ཉུང་མི་རིགས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་བཅུག་པ་དང་ངལ་རྩོལ་ནུས་ཤུགས་སྤོས་པར་ཨ་རིས་རྒྱ་ནག་གི་ཁེ་ལས་བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་ཁེ་ལས་གཉིས་ཚུད་འདུག
ཨ་རིས་རྒྱ་ནག་གི་ཁེ་ལས་ ༤༣ བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་གཉིས་ཡོད་འདུག ཆབ་མདོ་གསར་སྤེལ་ཁུལ་གསར་པ་དང་TBEA Coཚོང་གཉེར་ཁང་གན་རྒྱ་བཞག་པ། (ཆབ་མདོ་གསར་སྤེལ་ཁུལ།)

བོད་དང་འབྲེལ་བའི་ཁེ་ལས་ཚོང་གཉེར་ཁང་།

ད་རེས་ཨ་རིའི་བཀག་སྡོམ་གྱི་མིང་ཐོར་ཚུད་པའི་ TBEA Co., Ltd.(特变电工股份有限公司) ནི་ཤིན་ཅང་དུ་རྟེན་གཞི་ཡོད་པའི་ནུས་པའི་བྱུང་ཁུངས་དང་གློག་སྐྱེལ་སྒྲིག་ཆས་ཀྱི་ཁེ་ལས་ཆེན་པོ་ཞིག་ཡིན། ཁེ་ལས་དེའི་བདག་དབང་འོག་གི་ཤིན་ཅང་གི་ཡན་ལག་ཚོང་གཉེར་ཁང་( 特变电工新疆新能源股份有限公司 ) དང་དེའི་ཡན་ལག་ཁེ་ལས་ཀྱིས་ ༢༠༢༢ ལོར་རྒྱ་སྒོར་དུང་ཕྱུར་ ༥ མ་རྩར་བཞག་སྟེ། བོད་ཀྱི་ཡན་ལག་ཚོང་གཉེར་ཁང་(特变电工西藏能源有限公司 ) ལྷ་སར་གསར་འཛུགས་བྱས་ཡོད། ཁེ་ལས་དེའི་ལས་རིགས་ནང་ཉི་གློག་དང་། རླུང་གློག གློག་ནུས་གསོག་འཇོག གློག་ནུས་སྐྱེལ་འདྲེན་མ་ལག་དང་ནུས་པའི་བྱུང་ཁུངས་ཀྱི་སྒྲིག་ཆས་བཟོ་སྐྲུན་བཅས་ཚུད་ཡོད་འདུག

ཁེ་ལས་དེས་ད་དུང་ ༢༠༢༤ ལོར་བོད་ཀྱི་ཆབ་མདོར་ཡན་ལག་ལས་ཁུངས་བཙུགས་ཏེ་ཆབ་མདོའི་ཁུལ་གསར་པ་དང་མཉམ་ལས་ཀྱི་གན་རྒྱ་བཞག་སྟེ། ཆབ་མདོ་ཏྭ་དྭང་ནུས་པའི་བྱུང་ཁུངས་གསར་པའི་རྟེན་གཞིའི་ཐོན་ལས་གླིང་དུ་ཆུང་འབྲིང་རིགས་ཀྱི་གློག་སྒྱུར་འཕྲུལ་ཆས་སྒྲིག་སྐྲུན་བྱེད་པའི་བཟོ་གྲྭ་འཛུགས་ཡོད་འདུག

ཤིན་ཅང་དང་དེ་མིན་གྲངས་ཉུང་མི་རིགས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་བཅུག་པ་དང་ངལ་རྩོལ་ནུས་ཤུགས་སྤོས་པར་ཨ་རིས་རྒྱ་ནག་གི་ཁེ་ལས་བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་ཁེ་ལས་གཉིས་ཚུད་འདུག
ཨ་རིས་རྒྱ་ནག་གི་ཁེ་ལས་ ༤༣ བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་གཉིས་ཡོད་འདུག མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་Baiyin Nonferrous Group Coཚོང་གཉེར་ཁང་མཉམ་ལས་ཀྱི་གན་རྒྱ་འཇོག་པ། (BNGC)

དེ་བཞིན་ Baiyin Nonferrous Group Co., Ltd.(白银有色集团股份有限公司 ) ཚོང་གཉེར་ཁང་གིས་ ༢༠༢༥ ལོར་བོད་རང་སྐྱོང་ལྗོངས་ཀྱིས་མཚོ་སྔོན་ཞིང་ཆེན་ནང་བཙུགས་པའི་བཟོ་ལས་གླིང་དང་མཉམ་ལས་ཐོག་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་། ཐོན་ལས་འབྲེལ་ཐག་རྒྱ་བསྐྱེད། ཐོན་ཁུངས་ཕྱིར་བསྡུ་སོགས་ཀྱི་ཐོག་མཉམ་ལས་ཀྱི་གན་རྒྱ་བཞག་པ་དང་། བོད་ལྗོངས་སེ་ཡ་ཁེ་ལས་ཚོང་གཉེར་ཁང་དང་རྒྱ་སྒོར་དུང་ཕྱུར་ ༣.༩ ཙམ་གྱི་ཟངས་གཏེར་རྒྱུ་ཆའི་ཚོང་འབྲེལ་གན་རྒྱ་བཞག་ཡོད་འདུག ཁེ་ལས་དེས་ད་དུང་ཀན་ལྷོ་བོད་ཁུལ་དང་གསེར་དང་མདོག་ལྡན་ལྕགས་རིགས་འཚོལ་ཞིབ་ནས་བཟུང་བསྔོག་འདོན་དང་བཟོ་སྣོན་བར་གྱི་མཉམ་ལས་གན་རྒྱ་བཞག་འདུག

ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) ལགས།
ཨ་རིའི་སྤྱི་མཐུན་ཚོཊ་པའི་གྲོས་ཚོཊ་འཐུས་མི་ John Moolenar ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) ལགས། (SCC)

ཡང་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་གནད་དོན་ཐོག་གི་དམིགས་བསལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཇོན་མུ་ལེ་ཎར་ལགས་ཀྱིས། ཨ་རིའི་རྒྱལ་ནང་བདེ་འཇགས་ལས་ཁུངས་ཀྱིས་ཡུ་གུར་ལ་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་བར་ཨ་རིའི་སྔོན་འགོག་གི་ཁྲིམས་ཞེས་པ་འདིས་ཁེ་ལས་ཀྱི་མིང་གཞུང་གསར་པ་ཁ་སྣོན་བྱས་པ་འདིའི་ཐོག་ད་རེས་ཊྲམཔ་སྲིད་གཞུང་གིས་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་བའི་ཁྲོད་ནས་ཐོན་པའི་ཐོན་རྫས་ཀྱིས་ཨ་རིའི་དཔལ་འབྱོར་སྲུང་སྐྱོབ་བྱས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་མི་རིགས་ལ་མི་རིགས་རྩ་མེད་དང་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱས་པར་ཨ་རིས་སྣང་མེད་དུ་མི་གཏོང་བའི་བརྡ་ལན་ཁ་གསལ་ཞིག་བཏང་ཡོད་ཅེས་གསུངས་འདུག

ཤིན་ཅང་དང་དེ་མིན་གྲངས་ཉུང་མི་རིགས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་བཅུག་པ་དང་ངལ་རྩོལ་ནུས་ཤུགས་སྤོས་པར་ཨ་རིས་རྒྱ་ནག་གི་ཁེ་ལས་བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་ཁེ་ལས་གཉིས་ཚུད་འདུག
ཨ་རིས་རྒྱ་ནག་གི་ཁེ་ལས་ ༤༣ བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་གཉིས་ཡོད་འདུག Baiyin Nonferrous Group Co., Ltd ཚོང་གཉེར་ཁང་དང་བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་གླིང་ཕན་ཚུན་གན་རྒྱ་བཞག་པ། (BNGC)

ཁོང་གིས་ཨ་རི་ནི་རང་དབང་ལ་བརྩི་མཐོང་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས། རྒྱ་ནག་གིས་བཙན་ཤེད་ངལ་རྩོལ་ལས་ཐོན་པའི་ཐོན་རྫས་ཨ་རིར་ཕྱིར་གཏོང་བྱེད་དུ་མི་འཇུག་པ་དང་། ལྷན་ཚོགས་ཀྱིས་ཤིན་ཅང་དང་འབྲེལ་བའི་བཙན་ཤེད་ངལ་རྩོལ་ལ་དམིགས་པའི་ཨ་རིའི་ཁྲིམས་སྲོལ་ལག་བསྟར་ནན་པོ་ཡོང་བར་མུ་མཐུད་སྐུལ་འདེད་བྱ་རྒྱུ་ཡིན་ཞེས་གསུངས་འདུག

བོད་ནང་གི་ཞིང་འབྲོག་མང་ཚོགས་ལས་ཀའི་ཆེད་ཀྱི་གནས་སྤོའི་ལས་གཞི།

ཨ་རིའི་ཞིབ་འཇུག་པ་ཨེ་ཌོ་རན་ ཛན་ཛེ་ Adrian Zenz ཡིས་ཉེ་བའི་ལོ་ཤས་ནང་བོད་ནང་གི་བཙན་ཤེད་ངལ་རྩོལ་དང་འབྲེལ་བའི་ཞིབ་འཇུག་སྙན་ཐོ་སྤེལ་ཡོད་ཅིང་། ཁོང་གིས་རྒྱ་ནག་གཞུང་གི་ལག་ཤེས་སྦྱོང་བརྡར་ལྟེ་གནས་ཞེས་འབོད་པའི་ནང་བོད་མི་རྣམས་རང་གི་འདོད་པ་དང་། ལས་ཀའི་གདམ་ག དང་བླངས་ཀྱི་འདོད་མོས་སོགས་ལ་མ་ལྟོས་པར་ཆེད་དུ་ལས་ཀར་ཞུགས་བཅུག་པའི་དོགས་གཞི་ཡོད་པར་བརྗོད་ཡོད། ཁོང་གིས་སྙན་ཐོའི་ཁྲོད་ནས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་བོད་མི་ལས་ཀའི་ཆེད་གནས་སྤོ་དང་། དམག་དཔུང་ལྟ་བུའི་དོ་དམ། བསམ་བློའི་སློབ་གསོ་སོགས་ཀྱི་ལས་གཞིར་དོ་སྣང་གནང་ཡོད། ཁོང་གིས་ད་དུང་། བོད་རང་སྐྱོང་ལྗོངས་ནང་དུའང་བོད་ཀྱི་ཞིང་འབྲོག་མང་ཚོགས་འབུམ་ལྔ་ཙམ་རྒྱ་ནག་གཞུང་གི་དམག་གི་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟེ་གནས་ཁང་དུ་ཁྲིད་ནས་སྦྱོང་བརྡར་སྤྲད་ཡོད་པ་དང་། དེའི་ཁོངས་ནས་བོད་མི་ཁྲི་ལྔ་ཙམ་བོད་ནང་ངལ་རྩོལ་ཆེད་བགོ་འགྲེམས་དང་། གཞན་སྟོང་ཕྲག་ཁ་ཤས་ཤིག་རྒྱ་ནག་གི་རས་ཀྱི་བཟོ་གྲྭ་ལ་སོགས་པའི་ས་ཞིང་འདེབས་ལས་ཀྱི་བཟོ་གྲྭ་དང་རྒྱ་ནག་གི་ས་གནས་གཞན་ཁག་ལ་ཆེད་གཏོང་བྱས་ཡོད་སྐོར་གསལ་སྟོན་བྱས་ཡོད་པ་རེད།

བོད་ནང་གི་ཞིང་འབྲོག་ཁུལ་གྱི་བོད་མི་ལས་ཀའི་ཆེད་གནས་སྤོའི་ལས་གཞི་ནི་སྤྱིར་བཏང་གི་ལས་ཞུགས་སྲིད་བྱུས་ཙམ་མིན་པར། གཞུང་གི་བཀོད་སྒྲིག་འོག་གནས་སྤོ་དང་། འཚོ་ཐབས་བསྒྱུར་བ། གཏེར་ཁ་དང་ནུས་པའི་བྱུང་ཁུངས་ཀྱི་གསར་སྤེལ་ལས་གཞི་བཅས་དང་འབྲེལ་བ་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་མངོན་ཐུབ་རྒྱུ་འདུག དཔེར་ན། བོད་ཀྱི་ཚྭ་མཚེའུ་དང་ལི་གཏེར་གསར་སྤེལ་སྐོར་གྱི་ཞིབ་འཇུག་ལས། ནག་ཆུ་མཚེའུ་གཉིས་སོགས་ནས་འབྲོག་པ་ཁྲི་ཕྲག་ཁ་ཤས་གནས་སྤོས་བྱས་རྗེས། སྔར་གྱི་ཕྱུགས་ལས་དང་རྩྭ་སའི་འཚོ་ཐབས་ནས་ཁ་བྲལ་ཏེ། ལག་ཤེས་སྦྱོང་བརྡར་དང་གླ་ཕོགས་ལས་ཀར་བརྟེན་དགོས་པའི་གནས་སྟངས་བྱུང་ཡོད། དེ་དང་དུས་མཚུངས། གནས་སྤོས་བྱས་པའི་ས་ཁུལ་ཁག་ཏུ་གཏེར་ཁ་དང་། ཉི་གློག ས་གཤིས་རྟོགས་ཞིབ་སོགས་ཀྱི་ལས་གཞི་མང་དུ་ཕྱིན་པས། གནས་སྤོ་དང་ཐོན་ཁུངས་གསར་སྤེལ་བར་འབྲེལ་བ་ཡོད་མེད་དང་། གསར་སྤེལ་ལས་གཞིའི་ཁེ་ཕན་ས་གནས་བོད་མིར་ཇི་ཙམ་ཐོབ་ཀྱི་ཡོད་མེད་ལ་རང་དབང་གི་ཞིབ་འཇུག་དགོས་པའི་དྲི་བ་ཐོན་བཞིན་ཡོད།

ཤིན་ཅང་དང་དེ་མིན་གྲངས་ཉུང་མི་རིགས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བྱེད་བཅུག་པ་དང་ངལ་རྩོལ་ནུས་ཤུགས་སྤོས་པར་ཨ་རིས་རྒྱ་ནག་གི་ཁེ་ལས་བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་ཁེ་ལས་གཉིས་ཚུད་འདུག
ཨ་རིས་རྒྱ་ནག་གི་ཁེ་ལས་ ༤༣ བཀག་སྡོམ་བྱས་པའི་ནང་བོད་དང་འབྲེལ་ཡོད་གཉིས་ཡོད་འདུག ནག་ཆུ་ཁུལ་གྱི་འབྲོག་པ་ལས་ཀ་སྤོ་མཁན། (མི་སེར་གྱི་འདྲ་པར།)

ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༦ ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཞུང་འབྲེལ་ལས་དོན་སྙན་ཐོའི་ནང་། འདི་ལོར་ཞིང་པ་དང་འབྲོག་པ་མི་དྲུག་འབུམ་བཞི་ཁྲི་ལྷག་ལས་ཀ་སྤོ་བ་དང་། གླ་ཆའི་ཡོང་འབབ་རྒྱ་སྒོར་དུང་ཕྱུར་ ༧༠ ལྷག་ཡོང་བའི་དམིགས་ཚད་ཟིན་ཡོད་ཅིང་། ལས་གཞི་དེ་ནི་གཙོ་བོ་ཐོན་ལས་དང་། ལས་གཞི་ཆེན་པོ། ས་གནས་གཞན་དུ་ལས་ཞུགས་བཅས་ལ་བརྟེན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་བརྗོད་འདུག

ཉེ་ཆར་ཆབ་མདོ་ཁུལ་དང་གཞིས་རྩེ་ས་སྐྱ་ཁུལ། ནག་ཆུ་ཁུལ་སོགས་ཀྱི་ནང་དུ་ཞིང་འབྲོག་ཁུལ་གྱི་མང་ཚོགས་སྤུལ་གཞན་དུ་ལས་ཀར་སྐྱོད་རྒྱུའི་སྐུལ་སློང་དང་ལས་རིགས་སྦྱོང་བརྡར་སོགས་ཀྱི་ལས་གཞི་སྤེལ་བཞིན་ཡོད་པ་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་གནས་ཚུལསྤེལ་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ ༢༠༢༤ ལོར་བཏོན་པའི་སྙན་ཐོར། རྒྱ་ནག་གཞུང་གིས་གནས་སྤོ་དེ་དག་རང་མོས་དང་འཚོ་བ་ཡར་རྒྱས་ཀྱི་ཆེད་ཡིན་ཞེས་བཤད་ཀྱང་། རྒྱ་ནག་གི་གཞུང་འབྲེལ་གནས་ཚུལ་སྟོང་ཕྲག་ལྷག་ལ་དཔྱད་ཞིབ་བྱས་པར། ས་གནས་མི་མང་ལ་གནས་སྤོའི་ཐད་རང་དབང་གི་གདམ་ག་མེད་པའི་གནས་ཚུལ་མང་པོ་ཡོད་པ་བརྗོད་ཡོད། ཚོགས་པ་དེས་གནས་སྤོས་མི་མང་མང་པོས་སྔར་གྱི་ཞིང་འབྲོག་ལས་བྱ་མི་ཐུབ་པའི་ས་ཁུལ་དུ་ལས་ཀ་རྙེད་དཀའ་བ་དང་། ཡོང་འབབ་བརྟན་པོ་མེད་པའི་དཀའ་ངལ་འཕྲད་ཡོད་པའང་བཀོད་ཡོད།།