རང་བྱུང་གི་གོད་ཆག་ཕོག་པར་༧གོང་ས་མཆོག་གིས་ཐུགས་གསོ་ཕྱག་དངུལ་ཞལ་འདེབས་གནང་འདུག


2020-05-22
Share
༧གོང་ས་མཆོག་དང་རྒྱ་གར་ཨོ་དྷེ་ཤཱ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Naveen Patnaik)་གཉིས་མཇལ་འཕྲད་སྐབས། ༢༠༡༧།༡༡།༢༠ ༧གོང་ས་མཆོག་དང་རྒྱ་གར་ཨོ་དྷེ་ཤཱ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Naveen Patnaik)་གཉིས་མཇལ་འཕྲད་སྐབས། ༢༠༡༧།༡༡།༢༠
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཨོ་དྷེ་ཤཱ་དང་ནུབ་བྷང་གྷལ་མངའ་སྡེའི་ནང་ཆར་རླུང་དྲག་འཚུབ་ཀྱི་གནོད་འཚེ་ཐེབས་པར་ཐུགས་གསོ་དང་ཕྱག་དངུལ་ཞལ་འདེབས་གནང་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༢༡་ཉིན་རྒྱ་གར་གྱི་ནུབ་བྷང་གྷལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Mamata Banerjee)་ལགས་དང་། ལྷོ་ཤར་ཨོ་དྷེ་ཤཱ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Naveen Patnaik)་ལགས་གཉིས་ཀྱི་མཚན་ཐོག ད་རེས་མངའ་སྡེ་དེ་གཉིས་ནང་ཆར་རླུང་དྲག་འཚུབ་(Amphan)་ཞེས་པ་རྒྱབ་ནས་མིའི་ཚེ་སྲོག་ཤོར་བ་དང་། སྡོད་ཁང་མང་པོ་གཏོར་སྐྱོན་ཐེབས་པ་སོགས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པར་ཐུགས་གསོའི་བཀའ་ཡིག་གནང་ནས། མངའ་སྡེ་གཞུང་གིས་སྔོན་འགྲོའི་གྲ་སྒྲིག་གནང་ཕྱོགས་ལ་བསྔགས་བརྗོད་གནང་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་གི་དགེ་རྩ་ཚོགས་པའི་མཚན་ཐོག་ནས་གདུང་སེམས་མཉམ་སྐྱེད་ཀྱི་ཕྱག་དངུལ་ཞལ་འདེབས་གནང་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཐུགས་གསོའི་ཕྱག་ཡིག་དེའི་ནང་དམིགས་བསལ་ནུབ་བྷང་གྷལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ། རྒྱ་གར་རྒྱལ་ཁབ་ལ་ང་ཚོས་གུས་བརྩི་ཆེན་པོ་ཡོད་པ་མ་ཟད། བོད་མི་ཚོ་ལོ་ངོ་༦༡་རིང་གི་གནས་ཡུལ་རྒྱལ་ཁབ་ཞིག་ཆགས་ཡོད། དམིགས་བསལ་བྷང་གྷལ་མངའ་སྡེ་ལ་གུས་བརྩི་ཞུ་དགོས་པ་ཞིག་ནི་དུས་རབས་བརྒྱད་པའི་ནང་། བོད་ནང་དགོན་པ་དང་པོ་བསམ་ཡས་གསར་འཛུགས་གནང་མཁན་རྒྱ་གར་གྱི་མཁས་པ་མཁན་ཆེན་ཞི་བ་འཚོ་དང་། དུས་རབས་བཅུ་གཅིག་པའི་ནང་བོད་ནང་ནང་ཆོས་སླར་གསོ་གནང་མཁན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གཉིས་བྷང་གྷལ་ནས་ཡིན་པར་སོང་དམིག་བསལ་འབྲེལ་ཡོད་པ་བཀའ་ཡིག་ནང་འཁོད་ཡོད་པ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།