༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་མཛད་འདུག
2017.03.31
༧གོང་ས་མཆོག་རྒྱ་གར་ཤར་དང་བྱང་ཤར་གྱི་མངའ་སྡེ་ཁག་གཅིག་ནང་གི་མཛད་འཆར་ཆེད་བཞུགས་སྒར་ནས་ཆིབས་ཞལ་བསྒྱུར་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ཤར་གྱི་ཨ་སམ་མངའ་སྡེ་དང་བྱང་ཤར་ཨ་རུ་ན་ཅཱལ་སོགས་སུ་མཛད་འཕྲིན་སྐྱོང་སླད་ཁ་སང་ཕྱི་ཟླ ༣ ཚེས་ ༣༡ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་མཛད་འདུག
ཕྱི་ཟླ་ ༤ ཚེས་ ༡ དང་ ༢ སོ་སོར་ཨ་སཱམ་མངའ་སྡེའི་རྒྱལ་ས་ གྷོ་ཝ་ཧ་ཊིའི་ནང་ཨ་སཱམ་ Tribuneགྱི་གསར་ལས་ཁང་དབུ་རྙེས་ཏེ་ལོ་ངོ་ ༧༠ ཐམ་པ་འཁོར་བའི་དུས་དྲན་གྱི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་རྒྱུ་དང་། ཕྱི་ཚེས་ ༢ སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ཕྱག་དེབ་ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་དེ་བཞིན་ཨ་སཱམ་གྱི་སྐད་ཡིག་ཐོག་ཕབ་བསྒྱུར་ཟིན་པའི་དཔེ་དེབ་ཀྱི་དབུ་འབྱེད་མཛད་རྒྱུ། དེ་བཞིན་ཉིན་རྒྱབ་ཨ་སཱམ་གཞུང་དང་རྒྱ་གར་དགེ་རྩ་ཐོུང་གིས་གོ་སྒྲིག་ཞུས་པའི་ཆོས་ལུགས་མཐུན་བསྒྲིལ་ཆེད་ཀྱི་འདུ་འཛོམས་ཐོག་བཀའ་སློབ་གསུང་བཤད་སྩལ་རྒྱུའི་མཛད་འཆར་སོགས་ཡོད་པ་རེད། ཕྱི་ཚེས་ ༤ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཏ་ཝང་ཁུལ་ཞབས་སོར་འགོད་གནང་མཛད་རྒྱུ་ཡིན་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཏ་ཝང་ཁུལ་དུ་ཆིབས་བསྒྱུར་སྐྱོང་རྒྱུར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་པ་དག་པོ་བསོད་ནམས་ནོར་བུ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་རྒྱ་ནག་གཞུང་གིས་རྒྱུན་དུ་ཕྱི་ཕྱོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབས་ཡར་རྒྱས་གཏོང་དགོས་པའི་བསྐུལ་མ་བྱས་པའི་སྐབས་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཏོག་བྱེད་པ་ཞིག་ཡིན་ལུགས་བརྗོད་བཞིན་ཡོད་པ་དང་། ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་དད་ལྡན་མང་ཚོགས་དང་དགོན་སྡེ་ཁག་གི་རེ་འདུན་ཐོག རྒྱ་གར་གཞུང་གི་མཐུན་རྒྱུར་བཀའ་ཁྲོལ་འོག་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུར་རྒྱ་ནག་གཞུང་གིས་ངོ་རྒོལ་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པ་དེ་ནི་རྒྱ་གར་གྱི་ནང་སྲིད་ལ་ཐེ་ཏོག་བྱེད་པ་ཞིག་ཡིན་པའི་ཁར་། འདི་ནི་རྒྱ་ནག་གཞུང་གི་འཆར་ཅན་གྱི་བྱེད་སྲོལ་ཞིག་དང་། དངོས་ཡོད་གནས་ཚུལ་མ་མཚམས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཉེར་གསར་འགོད་པས་རྟ་ཝང་ནས་གནས་ཚུལ་བཏང་བ་ལྟར་ན། ཨ་རུ་ན་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་༧གོང་ས་མཆོག་ཁུལ་དེའི་ནང་གི་ཆིབས་བསྒྱུར་རན་ལ་ཉེ་བས་ཕེབས་བསུའི་གྲ་སྒྲིག་རྒྱ་ཆེར་གནང་བཞིན་ཡོད་པ་དང་། སྐུའི་སྲུང་སྐྱོབ་ཀྱི་གྲ་སྒྲིག་ཡང་འཐུས་ཚང་གནང་བཞིན་ཡོད་པ་རེད་འདུག་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཀྱང་༧སྐུའི་སྲུང་བྱའི་ཐོག་མཐུན་འགྱུར་ཞུ་རྒྱུ་ཡིན་འདུག
༧གོང་ས་མཆོག་གིས་སྤྱི་ཟླ ༤ ཚེས ༤ ནས ༡༢ བར་མོན་རྟ་དབང་ས་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་རིམ་མང་དག་ཞིག་སྐྱོང་རྒྱུ་ཡིན་ཞིང་། ད་རེས་ཀྱི་ཆིབས་བསྒྱུར་འདིའི་སྐབས་སུ་ཡང་༧རྒྱལ་དབང་༧སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཁང་དུ་གནས་གཟིགས་གནང་རྒྱུ་ཡིན་འདུག
གསར་འགོད་པ་སྟག་ལྷ་རྒྱལ་དང་། བསོད་ནམས་ལྷ་མོ།