༧གོང་ས་མཆོག་གིས་བོད་ཀྱི་ཐེབས་རྩའི་འགོ་ལས་སྦྱིན་བདག་དང་ཝིཡེཏ་ནམ་གྱི་དད་ལྡན་པ་ཚོར་མཇལ་ཁ་བསྩལ་འདུག

2022.09.12
༧གོང་ས་མཆོག་གིས་བོད་ཀྱི་ཐེབས་རྩའི་འགོ་ལས་སྦྱིན་བདག་དང་ཝིཡེཏ་ནམ་གྱི་དད་ལྡན་པ་ཚོར་མཇལ་ཁ་བསྩལ་འདུག ༧གོང་ས་མཆོག་གིས་བོད་ཀྱི་ཐེབས་རྩའི་འགོ་ལས་སྦྱིན་བདག་དང་བཅས་བར་མཇལ་ཁ་བསྩལ་སྐབས། ༠༩།༡༢།༢༠༢༢
OHHDL

སྤྱི་ཟླ་༩པའི་ཚེས་༡༢ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་ཀྱི་ཐེབས་རྩའི་ཚོགས་གཙོ། གཞན་ཡང་ནམ་རྒྱུན་བོད་ཀྱི་ཐེབས་རྩ་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་གྱི་སྦྱིན་བདག་གཙོ་ཆེ་ཤོས་ཁག་ཅིག་ལ། དུས་ཡུན་ཚོུད་གཅིག་ཙམ་རིང་མཇལ་ཁ་དང་བཀའ་སློབ་ལམ་སྟོན། དེ་བཞིན་དྲི་བ་དྲིས་ལན་གནང་སྐབས། ཆོས་ལུགས་དང་སྤྱི་ཚོགས། བུད་མེད་ཀྱི་གནད་དོན་སོགས་ཀྱི་ཐོག་དོ་སྣང་ཆེན་པོས་བཀའ་འདྲི་བཀའ་ལན་བསྩལ་ཡོད་པ་བོད་ཀྱི་ཐེབས་རྩའི་འགན་འཛིན་བློ་བཟང་སྙན་གྲགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་(Michael Lemle)་ལགས་ཀྱིས། ད་ཐེངས་བོད་ཀྱི་ཐེབས་རྩ་ཁང་གི་སྐུ་ཚབ་ཚོགས་ཆུང་སྟེ་ཚོགས་གཙོ་ཚོགས་གཞོན་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁ་ཤས། དེ་བཞིན་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཁག་ཅིག་ལ་༧གོང་ས་མཆོག་མཇལ་བཅར་གྱི་གོ་སྐབས་བྱུང་བ་ཧ་ཅང་སྐལ་བ་བཟང་པོ་བྱུང་། བོད་ཀྱི་ཐེབས་རྩ་ཁང་ནི་༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་མི་ཚོར་མི་ཆོས་རོགས་སྐྱོར་བྱེད་ཆེད། མི་ལོ་༣༥ལྷག་གི་ཡར་སྔོན་དུ་འགོ་བཙུགས་པ་ཞིག་ཡིན་པ་དང་། ད་ཐེངས་མཇལ་ཁའི་སྐབས་༧གོང་ས་མཆོག་གི་སྐུ་གཟུགས་གསལ་ཐང་ཡིན་པ་དང་། དྲི་བ་ཁག་ལ་བཀའ་ལན་ཧ་ཅང་གཏིང་ཟབ་གནང་བྱུང་བ་འགྲེལ་བརྗོད་གནང་བྱུང་།

Dalai lama TF (1).jpg
ཕྱི་ཟླ་༩ཚེས་༡༥དང་༡༦ཉིན་གྲངས་གཉིས་རིང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཙོ་བོ་ལྷོ་ཤར་ཨེ་ཤེ་ཡའི་ཁུལ་གྱི་དད་ལྡན་པ་རྣམས་ལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་ཞིང་། གསུང་ཆོས་སུ་བཅར་མཁན་ལྷོ་ཤར་ཨེ་ཤེ་ཡ་ཁུལ་གྱི་ཆོས་ཞུ་བ་དང་དམིགས་བསལ་ཝིཡེཏ་ནམ་རྒྱལ་ཁབ་ཀྱི་དད་ལྡན་པ་མང་པོ་ཞིག་ལའང་༧གོང་ས་མཆོག་གིས་མཇལ་ཁ་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། ཁོ་ཚོ་ལ་རྒྱུས་སྟོན་པ་འབྲེལ་ཡོད་རྡ་ས་རིགས་སློབ་ཀྱི་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ནས། ༧གོང་ས་མཆོག་གིས་ཝིཡེཏ་ནམ་ནི་ལོ་རྒྱུས་ཐོག་ནང་པའི་རྒྱལ་ཁབ་ཞིག་ཡིན་པར་བརྟེན། བོད་ཡིག་ནང་གི་ནང་པའི་བཀའ་བསྟན་པོད་སུམ་བརྒྱ་ལྷག་ཡོད་པ། ཝིཡེཏ་ནམ་རང་གི་སྐད་ལ་བསྒྱུར་ཏེ་ཐོས་བསམ་སློབ་གཉེར་བྱ་ཐུབ་ན། ཝིཡེཏ་ནམ་མི་མང་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་བཀའ་སྩལ་གནང་མཛད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཝིཡེཏ་ནམ་གྱི་བཙུན་མ་ཝན་ཐོ་ལགས་ཀྱིས། ཝིཡེཏ་ནམ་གྱི་ཆོས་ཞུ་བ་ཚོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཞུའི་གོ་སྒྲིག་ཞུས་པའི་དམིགས་ཡུལ་གཙོ་བོ་ནི། ཁོང་ཚོའི་ནང་ཆོས་ཉམས་ལེན་དང་དད་པ་དག་སྣང་སོགས་ལ་ཕན་ཐོག་འབྱུང་ཆེད་ཡིན་པ་ལྟར། དེ་རིང་མཇལ་ཁའི་སྐབས་ཁོང་ཚོ་མང་པོར་དགའ་སྤྲོ་སྐྱེས་ཏེ་ངུས་ཤོར་བ་དང་སེམས་ནང་ཚོར་བ་དམིགས་བསལ་བྱུང་སོང་བ་འགྲེལ་བརྗོད་གནང་གི་འདུག
མཇལ་ཁ་ཞུས་གནང་མཁན་ཨ་མི་རི་ཀར་རྟེན་གཞི་ཆགས་པ་བོད་ཀྱི་ཐེབས་རྩ་ཁང་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་སྤེལ་མཁན་ཆེ་ཤོས་དང་། ༧གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་འོག་ཚོགས་པ་བཙུགས་ནས་མི་ལོ་༤༡འགྲོ་བཞིན་ཡོད་པ་རེད། ཝིཡེཏ་ནམ་ནས་ཡིན་པའི་མཇལ་ཁ་ཞུ་མཁན་གྱི་ཁོངས་སུ་ཚོགས་སྡེ་གཉིས་འདུག་པ་གཅིག་ནི། གནམ་གྲུའི་ཁ་ལོ་བ་དང་གནམ་གྲུ་གཏོང་སྟངས་སྦྱོང་བརྡར་སྤྲོད་མཁན་གྱི་དགེ་རྒན། ཚོང་པ་བཅས་ལས་གྲུབ་པ་ཞིག་རེད་འདུག་ཅིང་། གཞན་དེ་ནི་ཝིཡེཏ་ནམ་དུ་བོད་ཀྱི་ནང་ཆོས་ལ་སློབ་སྦྱོང་གནང་མཁན་གྱི་ཚོ་ཁག་ཅིག་བཅས་རེད་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎