ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་དམངས་གཉིས་ཀྱིས་མོན་ཡུལ་དུ་རྒྱལ་བའི་ཕོ་བྲང་གསར་བཞེངས་གནང་འདུག
དེ་ཡང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་དང་དད་ལྡན་མི་དམངས་ཡོངས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པའི་རྟེན་གྱི་ཚུལ་དུ། ཕྱི་ལོ་༢༠༡༩ལོ་ནས་རྟ་དབང་ཁྲོམ་གཞུང་གི་དབུས་སུ་ཆགས་པའི་དཔུང་སྟེང་(Pungteng)་ཞེས་པའི་ས་ཁུལ་དུ་རྒྱལ་བའི་ཕོ་བྲང་གསར་བཞེངས་གནང་འགོ་བཙུགས་པ་ད་ཆ་ལེགས་འགྲུབ་བྱུང་ཡོད་པ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་སློབ་དཔོན་ཟུར་པ་དགེ་བཤེས་ངག་དབང་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
མོན་ཡུལ་ཁུལ་དུ་རྒྱལ་བའི་ཕོ་བྲང་གསར་བཞེངས་གནང་དགོས་དོན་གཙོ་བོ་ནི། སྤྱིར་མོན་ཡུལ་དེ་བཞིན་རྒྱལ་དབང་༧སྐུ་ཕྲེང་གོང་མ་རིམ་བྱོན་དང་དམིགས་བསལ་གྱི་འབྲེལ་བ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་བླ་སློབ་ཀྱི་དད་པ་དམ་ཚིག་དང་གང་གི་ཐོག་ནས་ཧ་ཅང་གི་དད་གུས་ཆེན་པོ་ཡོད་པར་སོང་། མ་འོངས་པར་ཡང་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་དད་པའི་རྟེན་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མངའ་སྡེའི་གཞུང་དམངས་གཉིས་ནས་དགོངས་འཆར་བྱུང་པ་བཞིན་རྒྱལ་བའི་ཕོ་བྲང་དེ་བཞིན་གསར་བཞེངས་གནང་པ་ཞིག་ཡིན་འདུག
ཕྱི་ལོ་༡༩༥༩ལོར་༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་མོན་ཡུལ་གྱི་ས་ཁུལ་དེར་ཞག་བཞུགས་གནང་མྱོང་ཡོད་པས། ད་ལྟ་ཕོ་བྲང་བཞེངས་སའི་ས་ཁུལ་དེ་ཡང་ལོ་རྒྱུས་ཀྱི་ཐོག་ནས་ཧ་ཅང་གལ་ཆེན་པོ་དང་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། གསར་དུ་བཞེངས་བའི་རྒྱལ་བའི་ཕོ་བྲང་དེ་བཞིན་རིང་མིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་ཡུལ་དུ་ཞབས་སོར་འཁོད་སྐབས་མགོན་པོ་མཆོག་གི་དྲུང་ནས་མཚན་གསོལ་དང་དབུ་འབྱེད་རབ་གནས་མཛད་རྒྱུ་ཡིན་པ་དགེ་བཤེས་ངག་དབང་ནོར་བུ་ལགས་ཀྱིས་གསུངས་བྱུང་།
འདི་ཚེས་༡༤ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་གཙོས་འབྲེལ་ཡོད་མངའ་སྡེའི་དཔོན་རིགས་ཁག་ཅིག་གིས་གསར་དུ་བཞེངས་པའི་རྒྱལ་བའི་ཕོ་བྲང་ལ་གཟིགས་ཞིབ་གནང་ཡོད་པ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སྐུ་སྒེར་གྱི་ངོ་དེབ་ཐོག་འཁོད་འདུག
སྤྱིར་མོན་རྟ་དབང་དེ་བཞིན་བོད་དང་ས་འབྲེལ་ཡིན་པ་མ་ཟད། ནང་པ་གཙོ་བོར་གྱུར་བའི་ས་ཁུལ་ཞིག་དང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་བོད་གངས་ཅན་ལྗོངས་ཀྱི་བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཡུལ་མི་རྣམས་ནང་ཆོས་ལ་དད་གུས་ཧ་ཅང་ཆེན་པོ་ཞུ་མཁན་ཡིན་པ་རེད།
སྔོན་མ་ཡིན་ན་ཁུལ་དེར་དགོན་སྡེ་གྲྭ་ཚང་ཙམ་མ་གཏོགས་མི་སྐྱ་ཕོ་མོ་དང་གཞོན་སྐྱེས་ཁྲོད་ནང་ཆོས་ལ་སློབ་སྦྱོང་བྱེད་མཁན་ཉུང་ཤས་ལས་མེད་པ་དང་། དེང་སང་མང་ཚོགས་ཁྲོད་ནང་ཆོས་ལ་དོ་སྣང་དང་སྦྱང་བརྩོན་གནང་མཁན་ཇེ་མང་དུ་ཕྱིན་ནས་འགྱུར་བ་འགྲོ་བཞིན་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།