ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཧ་ཅང་གལ་ཆེན་ཡིན་པ་༧གོང་ས་མཆོག་གིས་བཀའ་གནང་སོང་།

2021-09-09
Share
ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཧ་ཅང་གལ་ཆེན་ཡིན་པ་༧གོང་ས་མཆོག་གིས་བཀའ་གནང་སོང་། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་ཆོས་སྩལ་གནང་བཞིན་པ། ༠༩།༠༩།༢༡
OHHDL

ཉིན་ལྟར་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་བསྒོམ་ན་ག་ལེར་སེམས་ལ་མིག་མཐོང་ལག་ཟིན་གྱིས་འགྱུར་བ་ཡོང་གི་རེད་ཅེས་༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བ་ཚོར་བཀའ་གནང་སོང་།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་དབུ་མ་འཇུག་པའི་བཀའ་ཆོས་ཉིན་གཉིས་པ། སྤྱི་ཟླ་༩་པའི་ཚེས་༩་ཉིན་མུ་མཐུད་དེ་གནང་བ་དང་འབྲེལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་འབྲེལ་བཀའ་ཆོས་དེའི་མཇུག་རྩོམ་གྱི་ཚུལ་དུ་ལམ་སྟོན་ཕེབས་སྐབས། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཉིན་རེ་བཞིན་དུ་བསྒོམ་ན། ག་ལེར་སེམས་ལ་མིག་མཐོང་ལག་ཟིན་གྱི་འགྱུར་བ་ཡོང་གི་ཡོད་པའི་ལམ་སྟོན་གནང་བ་དང་། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ལ་རྨོངས་འགྲོ་བ་དེ་མ་རིག་པས་བྱེད་ཀྱི་ཡོད་པ་དང་། སེམས་མ་དུལ་བར་བྱེད་མཁན་གཙོ་བོ་དེ་ཉོན་མོངས་ཀྱིས་བྱས་ཡོད་པ། ཉོན་མོངས་ཀྱི་རྩ་བ་མ་རིག་པ་ལ་ཐུག་ཡོད་པས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཧ་ཅང་གལ་ཆེན་ཡིན་པ་བཀའ་གནང་སོང་།
ད་དུང་༧གོང་ས་མཆོག་གིས་དཔར་མཚོན་དང་བཅས། དཔེ་ཆའི་ནང་བྲིས་ཡོད་པ་གཅིག་པུ་མིན་པར་ངོས་རང་གིས་ལོ་བཅུ་ཕྲག་མང་པོར་བསམ་བློ་བཏང་། དཔྱད་སྒོམ་དང་འཇོག་སྒོམ་གྱིས་བསམ་བློ་བཏང་ཡོང་དུས། དངོས་གནས་དྲང་གནས་སེམས་ལ་འགྱུར་བ་འགྲོ་རྒྱུ་ཡོད་པ་དང་། བྱང་སེམས་དང་སྟོང་ཉིད་ཟེར་དུས་སོས་པ་དང་བློ་དེ་གའི་ངང་ཡོང་བསྡད་པ། རང་གཅེས་འཛིན་གྱི་གཞན་དབང་དུ་གྱུར་པའི་བློ་དེ་གཞན་གཅེས་འཛིན་གྱི་བློའི་རྣམ་པར་ཕར་བསྒྱུར་ཐུབ་པ་དང་། བདེན་གྲུབ་ཏུ་འཛིན་པའི་བློ་ཨ་འཐས་ཀྱི་འཛིན་པ་དེ་སྣང་ཡང་མི་བདེན་པའི་སྒྱུ་མ་ལྟ་བུ་ཡིན་སྙམ་པ། བློ་ལ་ཤར་ཐུབ་པ་ཞིག་ཡོང་རྒྱུ་ཡོད་པ་དང་། ང་ཚོ་རང་གི་ཉམས་ལེན་གྱི་ཐོག་ནས་ཐབས་ཤེས་ཟུང་འབྲེལ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པའི་ཐོག་ནས། སངས་རྒྱས་ཀྱི་གོ་འཕང་ཟེར་བ་དེ་འཐོབ་ཐུབ་ས་རེད་སྙམ་པ་ཞིག་བློ་ལ་ཤར་གྱི་འདུག་ཅེས་དང་། ༧གོང་ས་མཆོག་ཁོང་རང་ཉིད་ནས་ཐེག་ཆེན་ཚོགས་ལམ་ཐོབ་པར་ཆ་བཞག་ཆོག་གི་རེད་ཅེས་བཀའ་གནང་ཡོད་པ་རེད།
མཐའ་དོན། སེངྒ་ཕོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་(Ng Wee Nee)་ལགས་ཀྱིས། ༧གོང་ས་མཆོག་གི་གསུང་ཆོས་ཀྱིས་ཕན་ཐོགས་ཆེན་པོ་བྱུང་བ་དང་། མི་ལོ་ལྔའི་རིང་ལོ་རེ་བཞིན་༧གོང་ས་མཆོག་གིས་ཐུགས་སྐྱོ་ངལ་མེད་པར། ལྷོ་ཤར་ཨེ་ཤེ་ཡའི་མི་རིགས་ཚོར་གསུང་ཆོས་ཕེབས་པར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་ཡི་ཡོད་པ། མུ་མཐུད་གསུང་ཆོས་ཕེབས་རོགས་ཀྱི་འབོད་སྐུལ་གནང་བ་དང་ཆབས་ཅིག བཀའ་ཆོས་ཀྱི་དགེ་བའི་མཐུ་ལ་བརྟེན་ནས་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ལྷག་པར་ནད་ཡམས་ཀྱིས་མནར་བའི་འཛམ་གླིང་འདི་མྱུར་དུ་ནད་ཡམས་ལ་གྲོལ་བར་བསྔོ་བ་བྱེད་ཀྱི་ཡོད་པ་དང་། འབྱུང་འགྱུར་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་༧གོང་ས་མཆོག་གི་ཐུགས་བརྩེ་བ་ཆེན་པོས་མི་འདོར་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་གསོལ་བ་སྨོན་ལམ་བཏབ་སོང་།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།