བོད་མི་བཙན་བྱོལ་དུ་འབྱོར་བས་བོད་ཀྱི་རིག་གཞུང་འཛམ་གླིང་ལ་མངོན་ཐུབ་ཡོད། ༧གོང་ས་མཆོག་གིས།

2021.02.18
བོད་མི་བཙན་བྱོལ་དུ་འབྱོར་བས་བོད་ཀྱི་རིག་གཞུང་འཛམ་གླིང་ལ་མངོན་ཐུབ་ཡོད། ༧གོང་ས་མཆོག་གིས། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་མཁས་དབང་(Robert Thurman)གཉིས་དེ་སྔ་མཇལ་འཕྲད་སྐབས། (ཟླ་ཚེས་མི་གསལ
tibet house

བོད་མི་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བས་བོད་ཀྱི་རིག་གཞུང་གོམས་གཤིས་འཛམ་གླིང་ལ་མངོན་རྒྱུའི་གོ་སྐབས་གསར་པ་རག་ཡོད་ཅེས་༧གོང་ས་མཆོག་གིས་བཀའ་བསྩལ་སོང་།
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས། ཉེ་ལམ་ཨ་མི་རི་ཀའི་ནང་གི་བོད་ཁང་གིས། བོད་ཀྱི་ལོ་སར་སྐབས་དང་བསྟུན་མ་དངུལ་བསྡུ་གསོག་ཆེད་རིག་རྩལ་དགོང་ཚོགས་ཤིག་གནང་གི་ཡོད་པ་དེ་དང་། ཨ་རི་བོད་ཁང་གསར་འཛུགས་གནང་མཁན་གྱི་གྲས་མཁས་དབང་(Robert Thurman)ལགས་བཅས་ལ་བཀའ་སློབ་ལམ་སྟོན་ཞིག་ཕེབས་པ། སྤྱི་ཟླ་༢པའི་ཚེས་༡༧ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་བཏོན་ཡོད་ཅིང་། དེའི་ནང་༧གོང་ས་མཆོག་གིས་བོད་མི་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བས་བོད་ཀྱི་རིག་གཞུང་དང་གོམས་གཤིས་སོགས། བོད་ཕྱི་ནས་འཛམ་གླིང་ལ་མངོན་པའི་གོ་སྐབས་གསར་པ་ཞིག་རག་ཡོད་ཅེས་བཀའ་གནང་ཡོད་པ་རེད། ༧གོང་ས་མཆོག་གིས། ང་ཚོ་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་པ་ཕྱོགས་གཅིག་ནས་སེམས་སྐྱོ་བོ་རེད་དེ། ཕྱོགས་གཞན་ཞིག་ནས་འཛམ་གླིང་གི་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་ཀྱི་རིག་གཞུང་དང་གོམས་གཤིས་ཁྱབ་སྤེལ་གྱི་གོ་སྐབས་གསར་པ་ཞིག་བྱུང་ཡོད་ཅིང་། ཕྱོགས་མཚུངས་བོད་ཀྱི་རིག་གཞུང་དང་སྲོལ་རྒྱུན་གྱིས་ཕྱི་རྒྱལ་གྱི་མི་དང་ཨ་རི་བ་མང་པོ་ཞིག་གི་ཡིད་དབང་འཕྲོག་སྟེ། སྔ་མོ་ནས་སྦོབ་ཐོར་མཱན་ཁྱེད་རང་ང་ཚོ་དང་ལྷན་རྡ་རམ་ས་ལར་ཡོད་ཁར། ཁྱེད་རང་གིས་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་བཅོས་མ་མིན་པའི་དོ་སྣང་གནང་གི་འདུག སྐབས་དེར་ཁྱེད་རང་གིས་གྲྭ་ཆས་གྱོན་ཡོད་ལ། ཁྱེད་རང་གིས་རིམ་པས་ནེའུ་ཡོག་ཡི་བོད་ཀྱི་ཁང་པ་གསར་བསྐྲུན་གནང་བ་ནི་ཧ་ཅང་རླབས་ཆེན་གྱི་བྱ་བ་ཞིག་རེད། བོད་ཀྱི་རིག་གཞུང་ནི་བོད་མིའི་ཁྲོད་དུ་གཅེས་འཛིན་བྱས་པ་ཙམ་གྱིས་མི་འགྲིག་པར། འཛམ་གླིང་སྤྱི་ལ་ཁྱབ་སྤེལ་ཡོང་ཆེད། བོད་ཀྱི་ཁང་པ་ལྟ་བུའི་ཚོགས་སྡེ་ཁག་ནི་ཤིན་ཏུ་ཕན་ཐོགས་ཆེན་པོ་འདུག བོད་ཀྱི་རིག་གཞུང་དང་མི་ཚེ་སྐྱེལ་སྟངས། བོད་ཀྱི་ནང་ཆོས་བཅས་གང་འདྲ་ཡོད་མེད་གསལ་བོ་ཡོང་བར། ཚོགས་སྡེ་འདི་རིགས་ཧ་ཅང་བེད་སྤྱོད་ཆེན་པོ་འདུག་པ་བཀའ་གནང་ཡོད།
ཡང་༧གོང་ས་མཆོག་གིས་བོད་ཀྱི་ནང་ཆོས་ནི་རྒྱ་གར་གྱི་ནཱལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་པས། རིགས་པའི་རྗེས་འབྲང་གི་ཆོས་རྒྱུད་ཅིག་ཡིན། སྔ་མོ་མི་ཁ་ཤས་ཀྱིས་བོད་ཀྱི་ནང་ཆོས་ནི་བླ་མའི་རིང་ལུགས་ཤིག་རེད་ཅེས་བཤད་བསྡད་ཡོད་ཀྱང་། ད་ཆ་མི་གང་མང་ཞིག་གིས་བོད་ཀྱི་ནང་པའི་ཆོས་བརྒྱུད་ནི་ནཱལེནྡྲའི་ཆོས་རྒྱུད་ངོ་མ་དེ་ཡིན་པར་ངོས་འཛིན་དང་། ཕྱོགས་ཀུན་ནས་རྒྱུ་མཚན་དང་ཚད་མ་རིག་པའི་ལམ་ལ་བརྟེན་ནས་འགྲོ་བསྡད་ཡོད་པར་བརྟེན། ཚན་རིག་པ་མང་པོ་ཞིག་གིས་ཀྱང་དོ་སྣང་གནང་བཞིན་པའི་གནས་སྟངས་འོག ནེའུ་ཡོག་བོད་ཁང་དེ་ཧ་ཅང་གིས་ཕན་ཐོགས་ཆེན་པོ་འདུག་ཅེས་བཀའ་ཕེབས་ཡོད།
ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་ཨ་རི་བོད་ཁང་(Tibet House US)ནི། སྤྱི་ལོ་༡༩༨༦ལོར་བོད་ཀྱི་ནང་ཆོས་ལ་མཁས་པ་(Robert Thurman)ལགས་དང་། ཁོང་གི་སྐུ་ཟླ་(Nena von Schlebrugge)་ལགས། གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་བོད་དོན་རྒྱབ་སྐྱོར་པ་རི་ཆཱར་གྷིར་དང་། ཧྥི་ལེབ་གྷི་ལ་སི་བཅས་མཉམ་རུབ་ཀྱིས་བཙུགས་ཡོད་ཅིང་། མཁས་དབང་རོ་སྦིར་ཊི་ཐོར་མན་ལགས་ནི་བོད་ཀྱི་ནང་ཆོས་དང་རྒྱ་གར་གྱི་རིག་གཞུང་ལ་མཁས་པ་ཆེན་པོ་ཞིག་ཡིན་པས། ཁོང་ལ་སྤྱི་ལོ་༢༠༢༠ལོར་རྒྱ་གར་གྱི་གཟེངས་རྟགས་མཐོ་གྲས་པདྨ་ཤྲི་ཀྱང་སྩལ་ཡོད་ཅིང་། བོད་ཁང་དེ་ནི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་བཙུགས་པའི་ཁེ་མེད་ཚོགས་སྡེ་ཞིག་ཡིན་པས། དེ་ལ་ནང་ཆོས་དང་འབྲེལ་བའི་ཅ་དངོས་འགྲེམས་སྟོན་དང་། སྒོམ་དང་ལྟ་གྲུབ་རིག་པ། སེམས་ཁམས་རིག་པ་བཅས་ཀྱི་ཐོག་ཟབ་སྦྱོང་ལམ་སྟོན། ས་གནས་བོད་མིའི་སྤྱི་ཚོགས་ཀྱི་བྱ་འགུལ་འདྲ་མིན་སྤེལ་ས་སོགས་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎