བོད་ཀྱི་ས་ཐོག་ཏུ་ལག་པ་མ་འཆང་རོགས་ཞེས་བའི་ལས་འགུལ་སྤེལ་བཞིན་འདུག
ཁམས་སྡེ་དགེ་རྫོང་ཁོངས་འབྲི་ཆུའི་སྟེང་ཆུ་མཛོད་གློག་ཁང་གསར་རྒྱག་གི་ལས་གཞིའི་འོག་དབོན་སྟོད་དགོན་སོགས་ཉུང་མཐར་དགོན་པ་དྲུག་དང་གྲོང་ཚོ་གཉིས་གནས་སྤོ་བྱེད་དགོས་བར་བརྟེན། ས་གནས་མི་མང་གིས་ལས་གཞི་མཚམས་འཇོག་ཡོང་བའི་ཞུ་འབོད་ལས་འགུལ་སྤེལ་ནས་ཟླ་ངོ་༦འགྲོ་བཞིིན་པའི་སྐབས་འདིར། འདི་ཚེས་༡༤ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གཙོ་སྐྱོང་འོག་ཨ་མི་རི་ཀ་དང་ཡོ་རོབ་བཅས་ནས་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་༡༤་དྲ་ལམ་བརྒྱུད་འཛོམས་ནས་སྡེ་དགེ་ཕྱོགས་ཀྱི་དཀའ་ངལ་གནད་དོན་དང་འབྲེལ་ནས་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་ཁོང་རྣམ་པས་བོད་ནང་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་ཁང་དང་གཏེར་ཁ་སྔོག་འདོན་སོགས་ཀྱི་ལས་གཞི་འདྲ་མིན་འོག་བོད་མི་ཚོ་ཕ་མེས་ཡང་མེས་ནས་འཚོ་སྡོད་བྱེད་ཡུལ་གྲོང་སྡེ་ཁག་ནས་རྒྱ་ནག་གཞུང་གི་བཙན་ཤེད་འོག་ས་གནས་གཞན་དུ་གནས་སྤོར་བྱེད་འཇུག་བཞིན་པའི་དཀའ་ངལ་དང་། གནས་སྤོར་ཁྲོད་ལོ་རྒྱུས་རང་བཞིན་ལྡན་པའི་དགོན་པ་རྩ་ཆེན་ཁག་རྩ་མེད་བཟོ་བཞིན་པའི་གནས་སྟངས། བོད་ནང་གི་བོད་ཕྲུག་རྣམས་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་བཅུག་སྟེ་བོད་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སོགས་བོད་ནང་གི་དཀའ་ངལ་གནས་སྟངས་འདྲ་མིན་ཐད་བགྲོ་གླེང་གནང་སོང་།
དེའི་ཐད་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། ད་རེས་ཀྱི་བགྲོ་གླེང་ནི་རྒྱ་ནག་གཞུང་གིས་ཁམས་སྡེ་དགེའི་སྐམ་ཐོག་ཆུ་ཤུགས་གློག་ཁང་ཆེན་པོ་དེ་གསར་རྒྱག་བྱེད་བཞིན་པའི་ལས་གཞི་འགོག་རྒོལ་ཆེད། བོད་ཀྱི་ས་ཐོག་ཏུ་ལག་པ་མ་འཆང་རོགས་ཞེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པ་སྣ་མང་མཉམ་རུབ་ཀྱིས་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་པ་དེའི་ཆ་ཤས་ཞིག་ཡིན་པ་དང་། ལས་འགུལ་དེ་བརྒྱུད་རྒྱ་ནག་གཞུང་གིས་ཁམས་སྡེ་དགེའི་སྐམ་ཐོག་ཆུ་ཤུགས་གློག་ཁང་ཆེན་པོ་དེ་གསར་རྒྱག་བྱེད་བཞིན་པའི་ལས་གཞིར་མ་དངུལ་འཛུགས་འཇོག་བྱེད་མཁན་རྒྱལ་སྤྱིའི་ཁེ་གཉེར་ཚོང་ལས་ཁང་དག་གིས་མཉམ་ལས་བྱེད་མཚམས་འཇོག་དགོས་བའི་དགོས་འདུན་བཏོན་པ་དང་། མི་མང་གི་མཚན་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག
ད་རེས་བགྲོ་གླེང་སྐབས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་བགྲོ་གླེང་གཙོ་སྐྱོང་བ་(Rashi)་ལགས་དང་། འབུམ་རམས་པ་བློ་བཟང་གཡང་མཚོ་ལགས། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོལ་ལགས། ཨའོ་སི་ཊི་རེ་ལིས་ཡའི་(Australia Tibet Council)་ཞེས་པའི་བོད་དོན་ལས་འགུལ་ཚོགས་པའི་འབུམ་རམས་པ་(Zoe Bedford)་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་རྒྱལ་ཡོངས་ཀྱི་འགན་འཛིན་པ་སངས་ལགས་དང་འཆི་མེད་ལྷ་མོ་ལགས། བོད་རང་དབང་ཚོགས་པའི་(John Jones)་ལགས་སོགས་མཉམ་ཞུགས་ཀྱིས་བགྲོ་གླེང་གནང་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་མཚོ། ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།