དོན་གྲུབ་དབང་ཆེན་ལགས་ཨ་རིར་འབྱོར་འདུག
2017.12.27
བོད་པའི་གློག་བརྙན་ལས་འགུལ་པ་དོན་གྲུབ་དབང་ཆེན་ལགས་དཀའ་ཚེགས་དང་ཉེན་ཚབས་ཆེན་པོའི་འོག་བོད་ནས་བྲོས་བྱོལ་རྗེས། ཨ་རིའི་ནུབ་བརྒྱུད་གྲོང་ཁྱེར་ San Francisco ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་འབྱོར་ནས་ཁོང་བཟའ་ཟླ་ལྷ་མོ་མཚོ་དང་བུ་ཕྲུག་བཅས་དང་མཉམ་འཛོམས་བྱུང་འདུག
ལོ་ན་ ༤༣ ལ་སོན་པ་དོན་གྲུབ་དབང་ཆེན་ལགས་ཨ་རིར་འབྱོར་རྗེས་ཁོང་གིས་ “ལོ་མང་གི་རྗེས་སུ་ངོས་ལ་ཉེན་མེད་བདེ་འཇགས་དང་རང་དབང་གི་འཚོར་བར་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་རིང་ཐོག་མ་དེ་ཡིན། སྙིང་ཉེ་བའི་ནང་མི་ཚོ་མགྱོགས་མྱུར་ཐུགས་ཕྲད་ཡོང་རྒྱུའི་གོ་སྐབས་སྐྲུན་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་རང་གི་ལུང་པ་དེ་རྒྱབ་ཏུ་བཞག་དགོས་པ་བྱུང་སོང་།” ཞེས་ཕྱི་ཚེས་ ༢༧ ཉིན་བོད་ཀྱི་གློག་བརྙན་ཚོགས་པས་སྤེལ་བའི་གསར་འགོད་གསལ་བསྒྲགས་གནང་བཀོད་འདུག
དོན་གྲུབ་དབང་ཆེན་ནས་ “འཇིགས་བྲལ་” ཞེས་པའི་བོད་ནང་གི་བོད་མི་ཚོའི་དངོས་ཡོད་ཀྱི་གནས་སྟངས་ཐད་ཀྱི་གློག་བརྙན་ཕབ་སྐྲུན་བྱས་པར། རྒྱ་ནག་གི་དབང་འཛིན་པ་ཚོས་ཁོང་ ༢༠༠༨ ཕྱི་ཟླ་ ༣ ནང་ཟིང་སློང་རྒྱུད་སྐུལ་བྱེད་པའི་ཉེས་ཁག་གཡོགས་ཏེ་འཛིན་བཟུང་གིས། ལོ་ངོ་དྲུག་གི་རིང་བཙོན་འཇུག་བྱས་རྗེས་མཐར་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༦ ཚེས་ ༥ ཉིན་གློད་གྲོལ་ཐོབ་ཡོད་པ་དང་། ཁོང་གི་ལས་གྲོགས་ད་ལྟ་སུད་སིར་བཞུགས་པ་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱང་བཙོན་འཇུག་དང་མནར་གཅོད་མྱངས་ཡོད། དོན་གྲུབ་དབང་ཆེན་ལགས་ཨ་རིར་བདེ་འབྱོར་ཟིན་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་རྗེས་ལོ་བཅུ་ཙམ་གྱི་རྗེས་ཁོང་གི་ནང་མི་དང་མཐར་མཉམ་འཛོམས་བྱུང་བར་དགའ་བསུ་ཞུ་རྒྱུ་ཡིན་ཅེས་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་ལ་བོད་ཀྱི་ས་ཁུལ་ཁག་དང་རྒྱ་ནག་ནང་གི་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཅེས་ཕྱི་ཚེས་ ༢༧ ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་བཀོད་འདུག
དོན་གྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་དང་བུ་ཕྲུག་ཚོར་ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་ནང་སྲིད་དོན་སྐྱབས་བཅོལ་ཐོབ་ཡོད་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།