དམ་བསྒྲགས་ཀྱི་དངོས་ཡོད་གནས་སྟངས་སྦས་ཏེ་དབུལ་གྲོལ་འགག་སྒྲོལ་ཟེར་བར་ལྟ་སྐོར།


2020.10.17
དམ་བསྒྲགས་ཀྱི་དངོས་ཡོད་གནས་སྟངས་སྦས་ཏེ་དབུལ་གྲོལ་འགག་སྒྲོལ་ཟེར་བར་ལྟ་སྐོར། རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་ཟེར་བའི་མོ་ཊ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་སྐྱོད་བཞིན་པ། ༢༠༢༠།༡༠།༡༦
རོཡ་ཊརས།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་རྒྱ་ནག་གཞུང་གིས་གསར་འགོད་པ་དེ་དག་གི་གང་དུ་ཁྲིད་མིན་སོགས་ཀྱི་ལས་རིམ་ཞིག་ལག་ཐོབ་བྱུང་བ་དེའི་ནང་། ཁོང་ཚོར་བོད་ལ་དབང་བསྒྱུར་བྱས་པ་ནས་ད་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཞིང་འབྲོག་མི་དམངས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་ལུགས་དང་། དབུལ་གྲོལ་འགག་སྒྲོལ་ཟེར་བའི་ལས་གཞིའི་ཁྲོད་ནས་བོད་མི་ཚོར་ཁེ་ཕན་ཐོབ་ལུགས་སོགས་གཞུང་འབྲེལ་གྱི་དྲིལ་བསྒྲགས་གཙོ་བོར་དམིགས་པ་ཞིག་མངོན་པ་ལས། བོད་མིའི་བསམ་བློ་རྒྱུད་ལོན་ཆེད་རང་དབང་གི་ཐོག་ནས་བོད་མི་སྒེར་དང་ཐུག་འཕྲད་ཀྱི་ལས་རིམ་གང་ཡང་གསལ་མེད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་ཐོབ་བྱུང་བའི་ཡིག་ཆ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་༡༠ཚེས་༡༧ཉིན་གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་ལ་ཁྲིད་དེ་ས་གནས་སུ་ཡོད་པའི་ཇོ་རི་མཐོང་བ་ཙམ་གྱིས་སྨོན་པའི་སྐྱེ་དངོས་ཚན་རྩལ་དཔེ་སྟོན་རྭ་བ་ཟེར་བར་སྐྱོད་འདུག་ཅིང་།  བཀོད་སྒྲིག་གི་འཆར་གཞི་ལྟར་ན།  ཚེས་༡༨ཉིན་གཞིས་རྩེ་གྲོང་ཁྱེར་གྱི་འདེབས་འཛུགས་རྭ་བ་དང་།   དེ་ནས་པ་སྣམ་རྫོང་གི་ཞིང་འབྲོག་ལག་རྩལ་ཚོང་གཉེར་ཁང་དུ་བསྐྱོད་རྒྱུ་ཡིན་འདུག  ཚེས་༡༩ཉིན་ཀོང་པོ་རྒྱ་གདའ་རྫོང་དང་ཉིང་ཁྲི་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་ཁྲིད་དེ་ཚེས་༢༠ ཉིན་ཀོང་པོ་ནས་གྲེང་རྡུ་གྲོར་ཁྱེར་བརྒྱུད་ཉིན་དེ་རང་དུ་པེ་ཅིང་ལ་ཕྱིར་ལོག་བྱ་རྒྱུ་རེད་འདུག

ཤེས་རྟོགས་བྱུང་བར་གཞིགས་ན།   རྒྱ་ནག་གི་གསར་འགོད་པ་རང་དབང་ངང་ནུབ་ཕྱོགས་ཡུལ་གྲུའི་ནང་གནས་ཚུལ་མཁོ་གྲུབ་ལ་བསྐྱོད་ཆོག་པ་བཞིན་ཨ་རི་དང་ཡོ་རོབ་མཐུན་ཚོགས་ཚུད་པའི་རྒྱལ་ཁབ་མང་པོའི་གསར་འགོད་པ་ཡང་བོད་ཀྱི་ས་ཁུལ་ཁག་ནང་བསྐྱོད་ཆོག་པའི་རང་དབང་གཅིག་མཚུངས་ཡོད་དགོས་པ་ཨ་རི་གཙོས་རྒྱལ་ཁབ་ཁག་གཅིག་གིས་རྒྱ་ནག་གཞུང་ལ་ནན་བརྗོད་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་གང་ཅིའི་རང་དབང་ལྡན་ཡོད་པའི་ཐོག་བོད་ཞི་བས་བཅིངས་འགྲོལ་ཟེར་བ་བཏང་པའི་རྗེས་བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་གནམ་སའི་ཁྱད་པར་ཕྱིན་པའི་འཚོ་བའི་ཁོར་ཡུག་ཡག་པོ་ཡོད་པ་དྲིལ་བསྒྲགས་བྱེད་བཞིན་ཡོད་ན་ཡང་བོད་ལ་རང་བསྲེགས་ངོ་རྒོལ་ལ་སོགས་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་སྒྲ་ཐོན་མུས་ཐོག་ཉེ་ཆར་རོཡེ་ཀྲརསི་གསར་འགྱུར་ལས་ཁང་གིས་བོད་མི་འབུམ་ལྔ་ལྷག་ཙམ་ལ་བཙན་ཤེད་ཀྱི་ཐོག་ནས་ལག་རྩལ་སྦྱོང་བརྡར་དང་ངལ་རྩོལ་བསྒྱུར་བཀོད་རྭ་བར་བཏང་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆ་གཞི་ལ་བཞག་ནས་གནས་ཚུལ་བཀོད་སྤེལ་བྱས་ཡོད།    གནད་དོན་དབྱེ་ཞིབ་པ་མང་པོས་རྒྱ་ནག་གཞུང་གིས་བོད་པའི་མི་རབས་གསར་པ་རྒྱ་མི་རིགས་ལ་བསྒྱུར་རྒྱུའི་སྲིད་ཇུས་མང་དག་ཞིག་ལག་བསྟར་བྱེད་བཞིན་པའི་ཁྲོད་ནས་བོད་ཀྱི་སྐད་ཡིག་བེད་སྤྱོད་མེད་པ་བཟོས་པ་དང་།   བོད་པའི་བླ་སྲོག་དང་འབྲེལ་བའི་ཆོས་ལུགས་དང་སྲོལ་རྒྱུན་རིག་གཞུང་ལ་གཏོར་བཤིག་བཏང་པ་སོགས་ཀྱི་ཐོག་ནས་བོད་མི་རིགས་འདི་འཆི་གསོན་གྱི་མཚམས་ལ་སླེབས་པའི་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

དེ་སྔ་སྤྱི་ལོ་༢༠༠༨ལོར་བོད་ས་ཡོངས་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་འདི་ཐོན་སྐབས་ཕྱི་རྒྱལ་གསར་འགོད་པ་ཚོ་བོད་ནང་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་དུ་སྐྱོད་རྒྱུའི་རྒྱལ་སྤྱིའི་ཐོག་བསམ་ཚུལ་དྲག་པོ་བྱུང་པར་བརྟེན་རྒྱ་ནག་གཞུང་གིས་བཀོད་སྒྲིག་མ་བྱེད་དཀའ་མེད་ལ་ཐུག་ནས་མཐར་ ༢༠༠༨ སྤྱི་ཟླ་བཞི་པའི་ནང་ཕྱི་ཕྱོགས་ཀྱི་གསར་འགོད་པ་ཁག་ཅིག་བོད་ཀྱི་རྒྱལ་ས་ལྷ་ས་དང་ཨ་མདོར་སྐྱོད་སྐབས་ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པ་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་འདུན་པ་ཚོས་གསར་འགོད་པའི་མདུན་དཔའ་ངར་ཞུམ་མེད་ངང་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་ཡོད་པས།   དེའི་རྗེས་ནས་བོད་ཀྱི་དགོན་སྡེ་གཙོ་བོར་འགྱུར་པའི་ས་གནས་ཁག་ནང་དེ་བས་དམ་བསྒྲགས་ཆེ་རུ་བཏང་སྟེ་ད་ཆ་སྐད་སྒྲ་ཙམ་ཡང་བཏོན་ནུས་མཁན་མེད་པར་གྱུར་ཡོད།

ད་རེས་ཕྱི་ཕྱོགས་ཀྱི་གསར་འགོད་པ་ཁག་གཅིག་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འབྱོར་རྗེས་ཚེས་༡༥ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགོད་ལྷན་ཚོགས་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་དབྱིང་ཇཱེའེ་དང་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་སྲིད་གཞུང་གི་གཙོ་འཛིན་ཆེ་དགྲ་ལྷས་དམར་ཤོག་གཞུང་གིས་བོད་ལ་འཛིན་སྐྱོང་ཐབས་ཇུས་དང་བོད་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ངང་དབུལ་པོའི་གནས་ལས་མཐར་ཕྱིན་པ་གྲོལ་ཐུབ་པའི་འབྲེལ་ཡོད་གཞུང་འབྲེལ་གྱི་དྲིལ་བསྒྲགས་ཁག་བསྐྱར་བཟློས་བྱས་འདུག

བོད་ནང་གི་བོད་མི་ཚོས་ཕྱི་རྒྱལ་གྱི་གསར་འགོད་པ་དང་མི་སྣ་གལ་ཆེའི་ལྟ་སྐོར། དེ་བཞིན་རྒྱ་ནག་གི་དཔོན་རིགས་ཆེ་གྲས་བོད་ནང་བསྐྱོད་སྐབས་སྤྱི་ཚོགས་ཀྱི་རྣམ་པར་བསྒྱུར་བ་བཏང་སྟེ། རྒྱ་ནག་དམར་ཤོག་ཚོགས་པས་ཡིད་ཆེས་བྱ་ཡུལ་གྱི་མི་ཁ་ཤས་མདུན་དུ་ཐོན་ནས་འཁྲབ་སྟོན་བྱེད་ཀྱི་ཡོད་པ་བརྗོད་བཞིན་ཡོད་པ་རེད།

བོད་མི་མང་ཚོགས་ལ་སོ་སོའི་སེམས་ནང་གི་སྐད་ཆ་བཤད་ས་མེད་ལ།   བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉེན་རྟོག་ས་ཚིགས་དུ་མ་ལམ་ཁར་ཁེངས་ནས་ཡོད་པས་འགུལ་ཙམ་ཡང་བྱེད་ས་མེད་པ་བརྗོད་བཞིན་ཡོད་པ་རེད།  རྒྱ་ནག་གཞུང་གིས་བོད་ནང་རང་དབང་གི་ཐོག་ནས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མི་ཐུབ་པའི་རྒྱུ་མཚན་ནི་བོད་ནང་བདེ་འཇགས་ཀྱི་གནད་དོན་ཡོད་པས་ཡིན་ལུགས་དང་། ཡང་སྐབས་རེ་བོད་ས་མཐོའི་གནས་བབས་ཀྱི་ཡིན་ལུགས་བརྗོད་བཞིན་ཡོད་ཀྱང་། རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་མཁན་གྱི་རྒྱ་མི་ས་ཡ་འགའ་ཤས་བོད་དུ་ཡོང་གི་ཡོད་པ་དེ་དག་ཐོག་དམ་དྲག་གང་ཡང་མེད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར།   ད་རེས་ཕྱི་ཕྱོགས་ཀྱི་གསར་འགོད་པ་ཚོ་འཁྲིད་སའི་བཞད་མཐོང་སྨོན་རྫོང་དུ་ཡོད་པའི་ཇོ་རི་མཐོང་བ་ཙམ་གྱིས་སྨོན་པའི་སྐྱེ་དངོས་ཚན་རྩལ་དཔེ་སྟོན་རྭ་བ་ཟེར་བར་གནས་སྤོས་དབུལ་སྐྱོར་ཟེར་བའི་ཐོག་ནས་བཙན་ཤེད་ངང་བཞད་མཐོང་སྨོན་རྫོང་དུ་གནས་སྤོས་བྱ་དགོས་བྱུང་པའི་བོད་མི་གང་ཙམ་ཡོད་འདུག་ལ།  གཞིས་རྩེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན།   གནས་སྤོས་བྱས་པའི་མང་ཚོགས་༣༠༠ལ་སྐྱེ་དངོས་ཚན་རྩལ་དཔེ་སྟོན་རྭ་བའི་ནང་ལས་ཀ་སྤྲད་ཡོད་འདུག    ད་རེས་གསར་འགོད་ལྷན་ཚོགས་ཐོག་ཆེ་དགྲ་ལྷས་བཙན་ཤེད་ངང་གནས་སྤོས་བྱས་མེད་པ་བརྗོད་ན་ཡང་ས་གནས་མང་ཚོགས་ཀྱིས་ཕ་མེས་ནས་འཚོ་བ་བསྐྱལ་ས་ནས་རྫོང་ཁག་གཞན་དང་གྲོང་ཚོ་གཞན་དུ་གནས་སྤོས་བྱས་པ་དང་།   ཡང་བཞད་མཐོང་སྨོན་རྫོང་གི་དམར་ཤོག་དྲུང་ཆེ་སྤེན་པ་བཀྲ་ཤིས་ཀྱིས་རྫོང་ཡོངས་ཀྱི་ཁྱིམ་དུད་༡༧༧༦ནས་མི་༧༠༩༤་གནས་སྤོས་ཀྱི་ལས་འགན་གྲུབ་པ་མ་ཟད།   གནས་སྤོས་བྱས་པའི་མང་ཚོགས་ལ་ལག་རྩལ་སྦྱོང་བརྡར་སྤྲད་པ་བརྗོད་འདུག    ཡང་ཞིང་འབྲོག་ལག་རྩལ་ཚོང་གཉེར་ཁང་ཟེར་བ་མཚོན་ན།   བོད་ཀྱི་ས་མཐོའི་ཁོར་ཡུག་གནས་བབ་ལ་གཞིགས་ཏེ་རྒྱ་ནག་ནང་ཚོང་གཉེར་གྱི་དགོས་མཁོར་གཞིགས་པའི་འདེབས་ལས་དང་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་།   དྲིལ་བསྒྲགས་ནང་དུ་ཡང་ས་མཐོ་ཐོན་རྫས་ཁ་ལ་འཁྱེར་ནས་ཚོང་གཉེར་བྱས་ཏེ་ཁེ་ཕན་ཡོང་བབ་གཙོ་བོ་འདི་འཛིན་སྐྱོང་བྱེད་མཁན་རྒྱ་མི་རིགས་ལ་རགས་པ་དང་ས་གནས་མང་ཚོགས་ལ་གླ་ཆ་དམའ་པོའི་ཐོག་ནས་ཐོན་ལས་ལས་ཀ་བྱེད་བཅུག་གི་ཡོད་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་ཉེ་ཆར་ཇར་མན་མི་རིགས་ཡིན་པ་བོད་ཀྱི་གནད་དོན་ཐད་ཉམས་ཞིབ་གནང་མཁན་ Adrian Zenz གྱིས་ཞིབ་འཇུག་གྲུབ་ཐོ་རྒྱས་པོ་ཞིག་བཏོན་ཡོད་པ་དེའི་ནང་བཀོད་ཡོད་པ་རེད།   བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ཆེ་དགྲ་ལྷས་ལག་ཤེས་འདྲ་མིན་དང་ཐོན་ལས་སྣ་མང་ལ་གཉེར་ཏེ་མང་ཚོགས་དབུལ་གྲོལ་ཐུབ་པ་བྱུང་ལུགས་བརྗོད་པའི་ནང་བོད་ས་གནས་ཀྱི་ཐོན་ཁུངས་དང་མང་ཚོགས་ཀྱི་སྲོལ་རྒྱུན་འཚོ་བ་དང་འབྲེལ་བ་མེད་པའི་རི་བོང་གསོ་སྐྱོང་སོགས་ཀྱི་ལས་རིགས་གཉེར་དུ་བཅུག་གི་ཡོད་འདུག

དེང་སྐབས་བོད་ནང་ལྟ་སྐོར་དུ་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་དེ་དག་གི་ཁྲོད་ནས་རོཡེ་ཀྲིརསི་གསར་ལས་ཁང་གིས་གསར་འགོད་པས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གནས་ཚུལ་ཞིག་སྤེལ་བ་དེའི་མཇུག་སྡོམས་སུ། བོད་ནི་རྒྱ་ནག་ཁྱོན་ཡོངས་ཀྱི་ནང་ནས་དམ་དྲག་ཆེ་ཤོས་ཡོད་ས་ཞིག་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་སྟངས་འཛིན་ནན་པོ་བྱ་ཡུལ་ཞིག་རེད་ཞེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎