རྒྱ་ནག་ཏུ་ཕྱི་རྒྱལ་གསར་འགོད་པའི་ཐོག་མི་རུབ་རྒྱབ་པའི་སྐོར།

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་ཡུལ་ཁྲིམས་སྲུང་བརྩི་ཞུ་དགོས་ལུགས་གཏམ་བཤད་སྤེལ་ཡོད་འདུག

2011-02-17
Share

༄༅༎རྒྱ་ནག་གཞུང་ནས་ཕྱི་རྒྱལ་གསར་འགོད་པ་ཚོའི་ཐོག་མི་རུབ་རྒྱབ་པའི་གནད་དོན་དེར་སྐྱོན་བརྗོད་བྱེད་རྒྱུའི་ཚབ་ཏུ་ཡུལ་ཁྲིམས་སྲུང་བརྩི་ཞུ་དགོས་ལུགས་གཏམ་བཤད་སྤེལ་ཡོད་འདུག

བདུན་ཕྲག་འདིའི་ནང་ཨ་རིའི་སི་ཨན་ཨན་དང་། ནིའུ་ཡོག་ཀྲམ་ཡེ་སེ དེ་བཞིན་ཕ་རན་སིའི་རླུང་འཕྲིན་ལས་ཁང་སོགས་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་རྒྱ་ནག་གི་ཤན་དྲོང་ཞིང་ཆེན་གྱི་གྲོང་གསེབ་ཅིག་ཏུ་ཉེ་ཆར་གློད་བཀྲོལ་ཐོབ་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། ཁྲིམས་རྩོད་པ་ལོང་བ་ཆན་ཀོང་ཆན་གྱི་གནས་ཚུལ་འདྲི་རྩད་བྱེད་པར་བསྐྱོད་པའི་སྐབས་ས་གནས་ཡུལ་མི་མང་པོས་མི་རུབ་རྒྱབ་ནས་པར་ཆས་དང་། བརྙན་འཕྲིན་པར་ཆས་སོགས་ལ་རྡོ་ཞུད་པ་དང་། ཁོང་ཚོ་ཡོང་མི་ཆོག་པའི་བཀག་འགོག་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་མ་ཟད་པེ་ཅིང་ལ་ཡོད་པའི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ནས་ཀྱང་གྲོང་གསེབ་དེའི་ནང་འགྲུལ་བསྐྱོད་བྱེད་རྒྱུར་ཉེན་ཁ་ཡོད་པའི་སྔོན་བརྡ་བཏང་ཡོད་པ་རེད། འོན་ཀྱང་དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མ་ཀྲའོ་ཤུས་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་སྐབས་གནད་དོན་འདིའི་སྐོར་གསལ་བཤད་བྱས་དོན། ཉེ་ཆར་ཕྱི་རྒྱལ་གསར་འགོད་པ་འགའ་ཤས་ཤང་དྲོང་ཁུལ་འགྲོ་བའི་སྐབས་དཀའ་ངལ་འཕྲད་ཡོད་ལུགས་བཤད་ཀྱི་འདུག་ལ་གནས་ཚུལ་འདི་ཤེས་རྟོག་བྱུང་མ་ཐག་ང་ཚོས་ས་གནས་ཉེན་རྟོག་ལས་ཁུངས་ལ་ལམ་སེང་ཞིབ་མཇུག་གིས་ཐག་གཅོད་དགོས་ལུགས་བཀའ་བཏང་ཡོད། དེ་འདྲ་ཡིན་དུས་ཕྱི་རྒྱལ་གསར་འགོད་པ་ཚོས་ཀྱང་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་དེབ་བསྐྱེལ་བྱེད་དགོས་པ་མ་ཟད་གསར་འགྱུར་བཀོད་པའི་སྐབས་རྒྱལ་ཁབ་ཀྱི་གནས་སྟངས་དང་ས་གནས་ཡུལ་མི་ཚོར་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་པ་ལས་དོན་རྐྱེན་དེའི་ཐོག་རྒྱ་ནག་གཞུང་ནས་སྐྱོན་བརྗོད་དང་ཡང་ན་སྐབས་དེར་ས་གནས་ཉེན་རྟོག་ལས་ཁུངས་ནས་གདོང་ལེན་བྱེད་ཕྱོགས་སྐོར་དམིགས་བསལ་གསལ་ཁ་གང་ཡང་བཏོན་མེད་པ་རེད།

ཡང་གནས་ཚུལ་མུ་མཐུད་ནས་བཀོད་པར་ལྟར་ན། ཁྲིམས་རྩོད་ལོང་བ་ཆན་ཀོང་ཆང་གི་ཁྲིམས་རྩོད་པ་ཚོར་ཉེ་ཆར་པེ་ཅིང་ནང་ཉེན་རྟོག་མི་སྣས་ཞིབ་མཇུག་ནན་པོ་བྱས་ནས་ཉེས་བརྡུང་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་ཁྲིམས་རྩོད་པ་དེ་དག་ནས་ཨེ་ཨེཕ་པི་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་ཡོད་པ་སོགས་གང་ལྟར་མང་གཙོ་དོན་གཉེར་བ་རྣམས་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཀྱང་རྒྱུན་གཏན་ནས་ཉེན་རྟོག་པས་དམ་དྲག་དང་བསུན་པོ་བཟོ་གི་ཡོད་པའི་གནས་ཚུལ་ཡོངས་གྲགས་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།