ངག་དབང་རྒྱལ་མཚན་ལགས་ཐུགས་དམ་ལ་བཞུགས་ཡོད་པར་བརྟེན་སྐུ་ཕུང་ཞུགས་འབུལ་དུས་འགྱངས་གནང་ཡོད་པ་ཤེས་རྟོགས་བྱུང་།

2022.02.26
Share on WhatsApp
Share on WhatsApp
ངག་དབང་རྒྱལ་མཚན་ལགས་ཐུགས་དམ་ལ་བཞུགས་ཡོད་པར་བརྟེན་སྐུ་ཕུང་ཞུགས་འབུལ་དུས་འགྱངས་གནང་ཡོད་པ་ཤེས་རྟོགས་བྱུང་། ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས།
མཐུན་འགྱུར་པར་རིས།

ཉེ་ཆར་སྤྱི་ཚེས་༢༢ཉིན་དགོངས་པ་རྫོགས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་ངག་དབང་རྒྱལ་མཚན་ལགས། ཟླ་བ་འདིའི་ཚེས་ ༢༡ ཉིན་གྱི་མཚན་མོ་ལྷ་སའི་སྨན་རྩིས་ཁང་དུ་སྙིང་ནད་སོགས་ཀྱི་ནད་གཞི་དྲག་པོའི་རྐྱེན་གྱིས་དགོངས་པ་རྫོགས་ཡོད་པ་དང། དངོས་གཞི་བྱས་ན་ཁོང་གི་སྐུ་ཕུང་ཞུགས་འབུལ་རེས་གཟའ་སྤེན་པའི་ཉིན་གནང་རྒྱུ་གནང་ཡོད་ནའང་ད་ལྟའི་ཆར་དམ་པ་ཁོང་ཐུགས་དམ་ལ་བཞུགས་ཡོད་སྟབས། སྐུ་ཕུང་ཞུགས་འབུལ་དུས་འགྱངས་གནང་ཡོད་པ་འདི་ག་རླུང་འཕྲིན་ཁང་གིས་འབྲེལ་ཡོད་ནས་གནས་ཚུལ་ཤེས་རྟོགས་བྱུང་སོང།
གནས་ཚུལ་རྒྱུས་མངའ་ཡོད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་དུ། ངག་དབང་རྒྱལ་མཚན་ལགས་ ༢༠༠༤ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༠ ཉིན་བཙོན་འཇུག་གི་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་པ་དང་། ཟླ་བ་སྔོན་མའི་ཚེས་ ༡༦ ཉིན་སྙིང་ནད་སོགས་ནད་གཞི་ལྗིད་པོ་བསྐྱར་དུ་ལངས་ནས་ཟླ་བ་འདིའི་ཚེས་ ༢༢ ཉིན་གྱི་ཐོ་རེངས་ཚོུད་ ༥།༣༥ ཙམ་ལ་ལྷ་སའི་སྨན་རྩིས་ཁང་དུ་དགོངས་པ་རྫོགས་ཡོད་པ་དང་། དམ་པ་དེ་ཉིད་ཀྱི་སྐུ་ཕུང་དེའི་རྗེས་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ་སྤྱི་ཚེས་༢༥ཉིན་ཁོང་གི་སྐུ་ཕུང་ཞུགས་འབུལ་གྱི་གྲ་སྒྲིག་ཆ་ཚང་གནང་ཟིན་ཡོད་ཀྱང་། ཁོང་ཐུགས་དམ་ལ་བཞུགས་ཡོད་པར་བརྟེན་སྐུ་ཕུང་ཞུགས་འབུལ་ཉིན་ཤས་རིང་ཕར་འགྱངས་ཀྱིས་གནམ་གང་ཉིན་གནང་རྩིས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྐུ་གཤེགས་ངག་དབང་རྒྱལ་མཚན་ནམ་ཚ་བ་ཁམས་པ་ལགས་ནི། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་སྲོང་ར་བ་གྲོང་ཚོ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༦༡ ལོར་འཁྲུངས་པ་དང་། ༡༩༨༤ ལོར་འབྲས་སྤུངས་དགོན་དུ་ཆོས་ཞུགས་གནང་ཡོད་ཅིང་། ཕྱི་ལོ་༡༩༨༧ ལོའི་ཟླ་བ་༩་ཚེས་༢༧་ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པས་སྣེ་ཁྲིད་གནང་བའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་བར་བརྟེན། ཟླ་བ་ཁ་ཤས་བཙོན་ཁང་དུ་ཚུད་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་དྲིན་འོག་ ༡༩༨༨ ལོའི་ཕྱི་ཟླ་ ༡ པའི་ཚེས་ ༢༧ ཉིན་གློད་གྲོལ་ཐོབ་ཡོད་པ་རེད་འདུག ཁོང་གིས་དེའི་རྗེས་ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༠ ཉིན་ཕྱག་རོགས་ཤིག་དང་ལྷན་དུ་རྒྱ་གར་ལ་བོད་གནས་དང་འབྲེལ་བའི་གལ་ཆེ་ཡིག་ཆ་བསྣམ་ནས་བྲོས་བྱོལ་དུ་ཕེབས་སྐབས། བོད་དང་བལ་ཡུལ་གྱི་ས་མཚམས་འགྲམ་འགག་སྒོ་ནས་འཛིན་བཟུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་བདེ་ལས་ཁུངས་ཀྱིས་བཀག་ཉར་བྱས་པ་དང་། ལོ་ད་གའི་ཟླ་ ༡༡ ཚེས་ ༢༨ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་མི་ལོ་ ༡༧ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། ཁོང་གི་ཆབ་སྲིད་དབང་ཆ་ལོ་ ༥ འཕྲོག་ལེན་བྱས་ཡོད་པ་རེད། དེ་རྗེས་གྲྭ་བཞི་བཙོན་ཁང་དུ་སྤོས་སྐྱེལ་གྱིས་བཙོན་དུས་མ་ཚང་བར་དུ་སྡུག་སྦྱོང་མནར་གཅོད་འོག་མི་ལོ་༡༧ བཙོན་འཇུག་བྱས་རྗེས། སྤྱི་ལོ་༢༠༠༥་ལོར་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོའི་འོག་གློད་བཀྲོལ་བྱུང་ཡོད་པ་རེད།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲ་གནས་ཐོག་གནས་ཚུལ་བཀོད་པའི་ནང་། བཙོན་འཇུག་དུས་ཡུན་རྫོགས་ནས་བཙོན་གྲོལ་ཐོབ་རྗེས་དམ་པ་ཁོང་ལྷ་ས་བཀའ་འགྱུར་པར་ཁང་དུ་ཕྱག་དཔེར་ཞུ་དག་གནང་ནས་ཞུགས་ཡོད་པ་དང། ཁོང་གིས་རང་གི་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་འགྱུར་མེད་ཀྱི་ལྷག་བསམ་དང་། རྒྱལ་གཅེས་ལ་བསྔགས་བརྗོད་དང་དྲན་གསོ་ཞུས་འདུག།
གསར་འགོད་པ། འཆི་མེད།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎