རྒྱ་གར་གཞུང་གིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་བསྡུས།
རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་གིས་གོ་སྒྲིག་གནང་སྟེ། འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་༢༠(G20)་ཡི་ཕྱི་སྲིད་བློན་ཆེན་ཁག་གི་ལྷན་ཚོགས་ཤིག་སྤྱི་ཟླ་༣པའི་ཚེས་༡ནས་༢བར་གནང་ཡོད་ཅིང་། རྒྱ་དཀར་ནག་གི་གནད་དོན་ཉམས་ཞིབ་པ་(Sana Hashmi)་ལགས་ཀྱིས། རྒྱ་གར་གྱིས་ཐེངས་དང་པོར་དེ་འདྲའི་ལྷན་ཚོགས་གོ་སྒྲིག་གཙོ་སྐྱོང་གནང་བ་དེས། རྒྱལ་སྤྱིའི་ཐོག་རྒྱ་གར་གྱི་སྲིད་དོན་གོ་བབ་ཧ་ཅང་མཐོན་པོར་སོན་པ་དང་། སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པའི་མུར། དམག་འཁྲུག་གི་དུས་སྐབས་སུ་འཛམ་གླིང་ལྷོ་ཕྱོགས་ཀྱིས་རྒྱལ་སྤྱིའི་གླེང་ཕྱོགས་བཟོ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་པ་མ་ཟད། ལྷན་ཚོགས་གནང་དོན་ནི། འཕྲལ་དུ་གནད་དོན་ཐག་གཅོད་ཡོང་རེ་ཁོ་ན་ཙམ་མིན་པར། མུ་མཐུད་དུ་ཕན་ཚུན་གྲོས་མོལ་ཡོང་ཆེད་དུ་ཡིན་པས། དེ་ལ་རྒྱ་ནག་དང་ཨུ་རུ་སུ་མ་གཏོགས་རྒྱལ་ཁབ་ཕལ་ཆེ་བས་མོས་མཐུན་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་ལྷན་ཚོགས་དེར་རྒྱ་གར་གྱི་སྲིད་བློན་ནཱ་རེན་དྷ་རཱ་མོ་དྷི་ལགས་ཀྱིས་གཏམ་བཤད་གནང་བའི་ནང་། འཛམ་གླིང་གང་སར་ཕན་ཚུན་མི་མཐུན་པ་གཏིང་ཟབ་ཡོད་པའི་དུས་ཚོད་འདིར། རྣམ་པ་ཚོས་གོ་བསྡུར་གནང་བ་ཁག་གིས་དེང་སང་གི་འཛམ་གླིང་ས་མཚམས་རྩོད་རྙོག་གི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པ་གསལ་སྟོན་གནང་ནས། འཛམ་གླིང་གི་དཀའ་རྙོག་སེལ་ཐབས་སུ་ང་ཚོ་ཚང་མར་ལངས་ཕྱོགས་དང་བསམ་ཚུལ་མི་འདྲ་བ་ཡོད་ནའང་། འཛམ་གླིང་གི་དཔལ་འབྱོར་སྣེ་ཁྲིད་པ་གཙོ་ཁག་ཡིན་པའི་ཆ་ནས། ང་ཚོས་ལྷན་ཚོགས་འདིར་མ་བཅར་པའི་ཡུལ་གྲུ་ཚོ་ལའང་འགན་ཁུར་དགོས་པ་དང་། འཛམ་གླིང་ཡུལ་གྲུ་ཁག་གིས་དཔལ་འབྱོར་ཡར་ཐོན་གྱི་ལུང་པ་ཚོས། དཀའ་ངལ་ཉུང་འཕྲི་དང་ཡར་རྒྱས། དཔལ་འབྱོར་བསྐྱར་གསོ་དང་གོད་ཆག་ངལ་སེལ། དཔལ་འབྱོར་བརྟན་པོ་དང་ཁྲིམས་འགལ་ཇེ་ཉུང་། ལྐོག་ཟ་རུལ་སུངས། དྲག་སྤྱོད་ཀྱི་དོན་རྐྱེན་ཇེ་ཉུང་དུ་གཏོང་བར་རེ་ལྟོས་འཆའ་བཞིན་པ་སོགས་བརྗོད་འདུག
རྒྱ་གར་གྱིས་གླེང་ཕྱོགས་གཙོ་བོ་ནི། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོའི་དཔལ་འབྱོར་གནད་དོན་དང་གནམ་གཤིས་འགྱུར་ལྡོག་བཅས་ལ་དམིགས་ཡོད་ནའང་། ལྷན་ཚོགས་དེར་བགྲོ་གླེང་ཕལ་ཆེ་བ་ར་ཤེ་ཡས་ཡུག་རེན་ལ་བཙན་འཛུལ་དམག་འཁྲུག་སྟེང་བྱུང་ཡོད་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་ཨེ་ཤེ་ཡ་ཉམས་ཞིབ་ཁང་གི་གཙོ་འཛིན་ཇཱ་ཡཱ་ངྡི་ཝི་རཱ་ནཱ་དྷིན་ལགས་ནས། རྒྱ་གར་གྱིས་ལྷན་ཚོགས་གོ་སྒྲིག་གནང་སྟེ་ར་ཤེ་ཡ་དང་རྒྱ་ནག ཨ་མི་རི་ཀ་སོགས་ཀྱི་བར་དབུ་མའི་ལམ་ཞིག་འཚོལ་ཐབས་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་དང་ར་ཤེ་ཡ་ཕྱོགས་གཅིག་དང་། ཨ་མི་རི་ཀ་ཕྱོགས་གཅིག་ཏུ་ལངས་ཏེ་ཕན་ཚུན་བར་མཁྲེགས་འཛིན་བྱེད་བཞིན་པའི་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་མ་བྱུང་བར། ཕན་ཚུན་བར་གྲོས་མཐུན་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོར་བརྟེན། ཁོ་ཚོ་མཉམ་འབྲེལ་གྱི་ཚོགས་ཆུང་འཛུགས་པ་ལས་གཙོ་སྐྱོང་གནང་མཁན་ཞིག་དགོས་སྟབས། རྒྱ་གར་གྱིས་འགོ་ཁྲིད་དེ་དབུ་མའི་ལམ་ཞིག་འཚོལ་ཐབས་གནང་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། ལྷན་ཚོགས་དེར་རྒྱ་ནག་དང་རྒྱ་གར་བར་ས་མཚམས་བཀའ་མོལ་བྱུང་ཡང་དོན་འབྲས་གང་ཡང་སྨིན་མེད་པ་དང་། རྒྱ་ནག་གིས་ཨ་མི་རི་ཀའི་ནང་དོགས་ཡོད་དབུགས་ལྒང་བཏང་བའི་རྐྱེན་གྱིས། ཕྱོགས་གཉིས་ཀྱི་ཕྱི་སྲིད་བློན་ཆེན་མཇལ་འཕྲད་གནང་མེད་པའི་ཁར། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གཉིས། རྒྱལ་ཁབ་མང་པོའི་ཕྱི་སྲིད་བློན་ཆེན་ཚོ་དང་མཇལ་འཕྲད་བཀའ་མོལ་གནང་སྟེ་བྲེལ་བ་ཚ་བོ་ཆགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།