ལྕགས་ཟམ་རྫོང་དང་དར་རྩེ་མདོའི་ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་བའི་ཁ་གྲངས་མུ་མཐུད་འཕར་བཞིན་འདུག

2022.09.07
ལྕགས་ཟམ་རྫོང་དང་དར་རྩེ་མདོའི་ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་བའི་ཁ་གྲངས་མུ་མཐུད་འཕར་བཞིན་འདུག ད་བར་ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་བ་ཁྱོན་མི་གྲངས་༧༤་འཕར་ཡོད་པ་དང་། མི་གྲངས་༢༥༩ལྷག་པ་རྨས་སྐྱོན་དང་། མི་༢༦བོར་བརླག་ཕྱིན་ཡོད་པ།
Chinese media

ཕྱི་ཟླ་༩ཚེས་༥ཉིན་གྱི་བོད་ནང་གི་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དང་དར་རྩེ་མདོ་རུ་ས་ཡོམ་ཚད་རིམ་༦.༨ཅན་ཞིག་བྱུང་སྟེ་མི་སྣར་ཤི་རྨས་ཀྱི་དོན་རྐྱེན་བྱུང་ཡོད་པ་བཞིན། ཕྱི་ཟླ་༩ཚེས་༥་ནས་དེ་རིང་ཕྱི་ཚེས་༧བར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ད་བར་ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་བ་ཁྱོན་མི་གྲངས་༧༤་འཕར་ཡོད་པ་དང་། མི་གྲངས་༢༥༩ལྷག་པ་རྨས་སྐྱོན་དང་། མི་༢༦བོར་བརླག་ཕྱིན་ཡོད་པ་ལས། ད་ལྟའི་ཆར་མུ་མཐུད་མི་སྣ་འཚོལ་ཞིབ་དང་མྱུར་སྐྱོབ་བྱེད་བཞིན་ཡོད་པ་སོགས་བཀོད་ཡོད་པ་དང་། ས་ཡོམ་བྱུང་བ་ནས་བཟུང་ད་དུང་མུ་མཐུད་ས་ཡོམ་ཆུང་ཆུང་རིགས་རྒྱུན་པར་ཡོང་བཞིན་ཡོད་ཀྱང་། དེ་ཙམ་ཉེན་ཁ་ཆེན་པོ་མེད་ན་ཡང་མི་མང་ཚོ་འཇིགས་སྐྲག་ངང་རི་ཐང་སོགས་ནས་བསྡད་ཡོད་པ་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ད་བར་མྱུར་སྐྱོབ་མི་སྣ་གྲངས་༦༦༥༠བཏང་སྟེ་འཚོལ་ཞིབ་མྱུར་སྐྱོབ་བྱེད་བཞིན་པ་དང་། ས་ཡོམ་བྱུང་ཁུལ་གྱི་ལྟེ་གནས་འབོ་ཞབས་གྲོང་བརྡལ་དང་བདེ་ཐོ་གྲོང་བརྡལ་གཉིས་སུ་གནོད་སྐྱོན་ཕོག་པའི་ཡུལ་མི་ཚོ་ཉེན་གཡོལ་ཆེད་གནས་སྤོ་བྱས་ཡོད་སྐོར་བཀོད་འདུག་ལ། ས་ཡོམ་ཁྲོད་འདས་གྲོངས་སོང་བའི་མི་སྣ་ཁག་ནས་དཀར་མཛེས་ཁུལ་གྱི་མི་༤༠དང་གཡག་རྔ་གྲོང་ཁྱེར་གྱི་མི་༣༤བཅས་ཡིན་པ་དང་། ཐེངས་འདིའི་ས་ཡོམ་ཁྲོད་རི་ཉིལ་ནས་ལམ་ཆད་པ་སོགས་ཤུགས་ཆེར་བྱུང་བ་ཁག་ད་དུང་སླར་གསོ་ཐུབ་ཀྱི་མེད་པ་དང་། རི་དང་གཡང་གཟར་ཁག་ཏུ་མི་སྣ་འཚོལ་ཞིབ་ཆེད་གནམ་གྲུ་གཏོང་གི་ཡོད་པ་འགྲེལ་ཡོད་ནས་བརྗོད་བྱུང་།

ལྕགས་ཟམ་རྫོང་དང་དར་རྩེ་མདོ་སོགས་ནི་རྒྱ་བོད་གཉིས་ཀྱི་ས་མཚམས་དང་ཁད་ཉེ་སའི་ས་ཁུལ་ཞིག་དང་། ལྷག་པར་རྒྱ་རིགས་མང་པོ་གཞིས་སྤོ་གནས་སྡོད་མང་སའི་ས་ཁུལ་ཞིག་ཆགས་ཀྱི་ཡོད་པ་རེད་ལ། ཐེངས་འདིར་ས་ཡོམ་བྱུང་སའི་ས་ཁུལ་ཁག་གཙོ་བོ་དག་ནི་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དང་། ལྕགས་ཟམ་རྫོང་།བརྒྱད་ཟིལ་རྫོང་། ཉག་ཆུ་རྫོང་།གཡག་རྔ་གྲོང་ཁྱེར་བཅས་དང་། གཞན་ཡང་། རྒྱ་ནག་གི་ཞིན་ཅིན་རྫོང་། ཧན་ཡོན་རྫོང་། ཧྲི་མེན་རྫོང་། ལེང་ཧྲན་མན་ཉིང་རྫོང་། ཀན་ལོ་རྫོང་སོགས་ཡིན་འདུག་ལ། ད་ལྟའི་ཆར་རྒྱ་ནག་གཞུང་ནས་ས་གནས་འདི་དག་གི་ཡུལ་མི་ཚོས་ཡིད་གཟབ་དགོས་པའི་བཀོད་ཀྱང་གཏོང་བཞིན་ཡོད་འདུག
WhatsApp Image 2022-09-07 at 12.22.21 PM (1).jpeg

རྒྱ་ནག་གིས་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་འབོད་བཞིན་པའི་བོད་ཤར་ལྷོའི་བརྒྱུད་དུ་ཡོད་པའི་རྒྱལ་རོང་ས་ཁུལ་དང་དར་རྩེ་མདོ་སོགས་ནི་རི་ཁུལ་དང་གཡང་གཟར་གྱི་གནས་སུ་ཡོད་སྟབས། ལོ་ལྟར་ས་ཡོམ་དང་ཆུ་ལོག་གི་གནོད་སྐྱོན་མང་དག་ཅིག་ཡོང་གི་ཡོད་པ་རེད་ལ། ཕྱི་ལོ་༢༠༠༨ལོར་ས་ཁུལ་དེ་དག་དང་ཁད་ཉེ་བའི་ཝུན་ཁྲན་གྲོང་ཁྱེར་དུ་ས་ཡོམ་ཚད་རིམ་༨.༢ཅན་ཞིག་བརྒྱབ་སྟེ་མི་གྲངས་༦༩.༢༢༧ལྷག་རྐྱེན་འདས་དང་། མི་གྲངས་༡༨༠༠༠གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། གཞན་ཡང་ཕྱི་ལོ་༢༠༡༧ཟླ་༨ཚེས་༨ཉིན་གཟི་ཚ་སྡེ་དགུ་ཁུལ་དུ་ཚད་རིམ༧.༠ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་གྲངས་༢༤རྐྱེན་འདས་དང་། མི་གྲངས་༤༩༣ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད།

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎