སྒོ་ཤེར་ལགས་སུ་ཁྲིམས་ཐག་བཅད་པར་བོད་མི་མང་པོས་བློ་ཕམ་དང་མི་འདོད་པའི་རྣམ་འགྱུར་བསྟན་འདུག

2021.12.14
Share on WhatsApp
Share on WhatsApp
སྒོ་ཤེར་ལགས་སུ་ཁྲིམས་ཐག་བཅད་པར་བོད་མི་མང་པོས་བློ་ཕམ་དང་མི་འདོད་པའི་རྣམ་འགྱུར་བསྟན་འདུག སྒོ་ཤེར་ལགས་སུ་ཁྲིམས་ཐག་བཅད་པར་བོད་མི་མང་པོས་བློ་ཕམ་དང་མི་འདོད་པའི་སེམས་ཚོར་བསྟན་འདུག
སྒྲིག་བཟོ།/RFA

རྒྱ་ནག་གཞུང་གིས་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་མ་ཐག་པའི་མདོ་སྨད་རྔ་བ་ཕྱོགས་ཀྱི་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། བོད་ཀྱི་དགེ་འདུན་པའི་ཁྲོད་ནང་པའི་གཞུང་ནས་དེང་རབས་ཀྱི་དམངས་གཙོ་ལྟ་གྲུབ་ཐད་མཁྱེན་རྒྱ་ཡངས་པའི་མི་སྣ་གྲགས་ཅན་ཞིག་དང་། བོད་ཀྱི་སེར་མོ་བའི་སྡེ་ནས་སྐྱ་བོའི་ཤེས་ཡོན་པའི་གྲལ་དུ་ཁོང་ལ་ཧ་ཅང་གུས་བརྩི་དང་མཐོང་ཆེན་པོ་ཅན་ཞིག་ཡིན་ཞིང་། ཉེ་ཆར་རྒྱ་ནག་གཞུང་གིས་ཁོང་ལ་ལོ་བཅུ་ཡི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་རྗེས། བོད་ཕྱི་ནང་གཉིས་སུ་གནས་ཚུལ་དེར་དོ་སྣང་ཤུགས་ཆེན་བྱེད་བཞིན་པ་དང་། ལྷག་པར་དུ་བོད་ནང་གི་རྩོམ་པ་པོ་དང་ཤེས་ཡོན་པ། སློབ་ཕྲུག མི་སེར་དཀྱུས་མ་བཅས་ནས་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ཐོག་སོ་སོའི་བསམ་ཚུལ་བརྗོད་དེ་བློ་ཕམ་དང་ཁོང་ལ་གུས་འདུད་ཀྱི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད་པ་ལྟར། མི་རིགས་ཀྱི་ཆག་སྒོ་ཟེར་བ་ནི་མཐའ་གཅིག་ཏུ་མཚོན་ཆའི་ཁ་རུ་མེད་པར། བདེན་པའི་ལམ་མཐོང་བའི་བློ་མིག་ཅན་དག་བཀག་ཉར་བྱས་པའི་ཁྲོད་དུའང་འདུག ཅེས་བོད་ནང་གི་བོད་མི་ཞིག་གིས་བརྗོད་འདུག ཡང་གཅེར་བུ་ཞེས་པའི་ན་གཞོན་ཞིག་གིས། སྐུ་ཉིད་ཀྱིས་བདེན་པ་གཙུག་ཏུ་བཀུར་བ་བོད་ཕྱི་རབས་པས་ནམ་ཡང་བརྗེད་མེད་ཡིན་ཞེས་དང་། འདུ་ཤེས་དང་བློ་གྲོས། དད་འདུན་དང་བློ་སྟོབས། གཞུངས་རིང་དང་བློ་དཀར། བྱམས་བརྩེ་དང་ཡིད་རྟོན། དེ་དག་ནི་ཁོང་གིས་ཤེས་རབ་དང་བསྡེབས་ནས་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་རྩ་ཆེན་དག་ཡིན་ཏེ། དྲན་པ་མེད་ཅིང་ཡིད་ལ་ཅི་ཡང་བྱར་མེད་པའི་ཧ་ཤང་ལྟ་བའི་རིགས་རྒྱུད་དུ་གཏོགས་པས། སྨྲ་ལྕེ་ལ་སྒོ་ལྕགས་བརྒྱབ། མིག་ཤེས་ལ་སྣང་བ་བཀག རྣ་ཤེས་ལ་ཐོས་བ་བཅོམ། ལུས་ཕུང་ལ་འགུལ་ཤུགས་བཅད་དེ་དྲང་བདེན་དང་གནས་ལུགས་ཀྱི་བླ་སྲོག་ལ་ལྕེབ་ཐག་བཟོས་སོང་།ཞེས་ཉམས་ལེན་སྐམ་པོ་ཞེས་པ་ཞིག་གིས་བྲིས་འདུག
ཡང་སྨྱུག་གསར་ཞེས་པ་ཞིག་གིས་འཛམ་གླིང་གི་རྒྱལ་ཁབ་ཚང་མ་ལ་བཙོན་ཁང་ཡོད། འོན་ཏེ་བཙོན་ཁང་གི་སྤྱོད་སྒོ་མི་འདྲ་སྟེ། སྔོན་ཐོན་རྒྱལ་ཁབ་དག་གི་བཙོན་ཁང་ནི་མི་བུ་སྡུག་གཤིས་ཅན་དག་ལ་ཉེས་ཆད་གཅོད་ས་ཡིན་ཞིང་། མི་རིགས་ཁ་ཅིག་གི་བཙོན་ཁང་ནི་སྐྱེ་བོ་བདེན་དྲང་ཅན་ཚོ་ཚར་གཅོད་བྱེད་ས་ཡིན། ཞེས་བྲིས་འདུག

IMG_2489.jpg
སྒོ་ཤེར་ལགས་ཀྱི་ནམ་རྒྱུན་གྱི་གསུང་བཤད་ཁག་ནི། རིག་གནས་ཁོ་ནའི་ཕྱོགས་ཡིན་ཞིང་དེ་སྔོན་ཁོང་གིས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་འཛམ་གླིང་གི་ཡོངས་ཁྱབ་རིན་ཐང་གི་དམངས་གཙོའི་ལམ་ནས་འཛིན་སྤེལ་གནང་དགོས་པ་གསུང་སྐབས། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དེ་འཛིན་སྟངས་ག་རེ་རེད་ལབ་ན་འཛམ་གླིང་གི་ཡོངས་ཁྱབ་རིན་ཐང་དང་དམངས་གཙོའི་འགྲོ་ལུགས་ལྟར་འགྲོ་དགོས་པ་རེད། དམངས་གཙོ་རང་དབང་གི་འགྲོ་ལུགས་དང་འགལ་བ་ཡིན་ན་འཛིན་སྤེལ་གནང་ཐུབ་ཀྱི་མ་རེད། གང་ལགས་ཞེ་ན། ལོ་རྒྱུས་ཀྱི་ཆུ་བོ་ཆེན་པོའི་ཁྲོད། དམངས་གཙོ་རང་དབང་ནི་སྤང་ལ་མེ་མཆེད་པ་བཞིན་འཛམ་གླིང་ལ་ཁྱབ་ཡོང་བའི་ལམ་ལུགས་ཤིག་ཡིན་ཕྱིན། དེ་ནི་མིའི་ཆོས་ཉིད་དང་རང་བཞིན་དང་མཐུན་པ་ཡིན་པས། འཛམ་གླིང་ནས་དང་ལེན་བྱེད་ཀྱིན་ཡོད་པས་ན། ང་ཚོས་སངས་རྒྱས་བསྟན་པ་དེ་འང་དམངས་གཙོའི་ལམ་ལུགས་སྟེང་འགྲོ་དགོས་པ་ནི་ངའི་ལྟ་ཚུལ་གཙོ་བོ་ཞིག་ཡིན། དེ་བས་དམངས་གཙོའི་འགྲོ་ལུགས་སྟེང་ཕྱིན་པ་ཡིན་ན། ང་ཚོ་བོད་མི་རིགས་ལབ་ན་ཚོགས་པ་ཞིག་རེད། དེ་ན་ཆོས་ལ་དད་པ་ཡོད་མེད། ཡང་ན་ཆོས་ལུགས་མི་འདྲ་བར་དད་པ་བྱེད་མཁན་ཡོང་སྲིད་པ་རེད། དེའང་ང་ཚོས་ངོས་ལེན་བྱེད་དགོས་པ་རེད་མ་གཏོགས་དེར་ཁོང་ཁྲོ་ཟ་བ་དང་། ཐབས་བརྒྱ་ཇུས་སྟོང་མེད་པར་ཚད་གཅོད་བྱེད་རྒྱུ་ཡིན་ལབ་ན། དེ་ནི་ང་ཚོའི་ནོར་འཁྲུལ་རེད། དེ་བས་ཐབས་ལ་བརྟེན་སངས་རྒྱས་བསྟན་པ་འཛིན་པ་ཡིན་ན་ང་ཚོས་རྒྱུན་རིང་འཛིན་ཐུབ་ཀྱི་མ་རེད། ངས་ལྟ་ཚུལ་ལ་མཐར་ཐུག་ན་སངས་རྒྱས་ཀྱི་ཆོས་དེ་དམངས་གཙོ་རང་དབང་གི་འགྲོ་ལུགས་ལྟར་བསྐྱངས་པ་ཡིན་ན་འགྲོ་ཐུབ་ཀྱི་རེད། དེ་མ་གཏོགས་ང་ཚོའི་ཆོས་དེ་ཡ་མཚན་པ་ཡིན། ཡང་དག་པ་ཡིན། ཕུན་སུམ་ཚོགས་པ་ཡིན་ཞེས་དེ་ཙམ་རྒྱུ་མཚན་དུ་བྱས་ནས་དམངས་གཙོ་རང་དབང་འགྲོ་ལུགས་དོར་བ་ཡིན་ན་ང་ཚོའི་ནོར་འཁྲུལ་རེད། ངའི་ལྟ་ཚུལ་མཐར་ཐུག་དེ་འདྲ་ཡིན།
དེ་བཞིན་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ། རྒྱ་ནག་གཞུང་གིས་ཁྲིམས་ཆད་ལྕི་མོ་བཅད་པ་དེར་རྒྱལ་སྤྱིའི་སྟེང་ཚོགས་པ་མང་པོས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་པ་ལྟར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལོ་བཅུའི་ཁྲིམས་ཆད་པ་ནི། བོད་ཀྱི་ཤེས་ཡོན་པའི་བསམ་བློར་སྟངས་འཛིན་དང་སྨྲ་བརྗོད་རང་དབང་ལ་རྡོག་རོལ་བཏང་བ་ཞིག་ཡིན་པས། རྒྱལ་སྤྱིའི་ཚོགས་སྡེ་དང་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཁོང་མྱུར་དུ་གློལ་གྲོད་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། སྒོ་ཤེས་རབ་ལགས་ནི་རྩོམ་པ་པོ་གྲགས་ཅན་ཞིག་དང་། ཁོང་གིས་བོད་ཀྱི་ཆོས་ལུགས་རིག་གནས་དང་སྐད་ཡིག་སློབ་གསོའི་སྐོར་ལ་བློ་རྒྱ་ཆེན་པོའི་ངང་བསམ་བློ་གཏོང་མཁན་ཞིག་ཡིན་ལ། དེ་བཞིན་འགྲོ་བ་མི་ཡོངས་ལ་ཁྱབ་པའི་ཐོབ་ཐང་དོན་གཉེར་མཁན་ཞིག་ཀྱང་ཡིན། རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ལོ་བཅུའི་ཁྲིམས་ཐག་བཅད་པ་དེར་བློ་ཕམ་དང་། སེམས་ཚབས་ཆེན་པོ་ཡོད་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་གསང་བའི་ངང་ཁྲིམས་ཀྱི་འགྲོ་ལུགས་དང་མི་མཐུན་པར་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་དྲང་བདེན་མ་ཡིན་ཁྲིམས་ཐག་བཅད་པའི་གནས་ཚུལ་རྩད་ཞིབ་གནང་རྒྱུར་འབོད་སྐུ་ཞུས་འདུག

IMG_2487.PNG
ད་ལྟ་དགུང་ལོ་༤༥་ཡིན་པའི་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། མདོ་སྨད་རྔ་བར་སྐྱེས་ཤིང་། དེ་སྔ་ཕྱི་ལོ་༡༩༩༨་ལོ་དང་༢༠༠༨། ཕྱི་ལོ་༢༠༡༡་དང་༢༠༢༠་ལོ་བཅས་ཐེངས་བཞི་ལ་འཛིན་བཟུང་བཙོན་འཇུག་བྱས་མྱོང་པ་དང་། དེ་སྔ་ཀིརྟི་དགོན་པའི་དགེ་འདུན་པ་དང་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་དང་། ཁོང་གིས་སྔ་གཞུག་ཏུ་<<རྒྱུན་ཤེས་དང་ལམ།>> << བླང་དོར་ལྟ་ཚུལ།>> <<རང་ལམ་རང་འཚོལ།>> << ང་ཚོ་སད་རན།>> << དཔྱད་འཚོལ་དང་ལྟ་ཚུལ།>> << སྐྱེས་ཆེན་གྱི་བཞུད་ལམ།>> <<ཧི་མ་ལ་ཡའི་ཕར་ཚུར།>> <<བསམ་གཞིག་པའི་སེམས་སྒྲ།>>་སོགས་སློབ་གསོ་དང་། བོད་ཀྱི་ལོ་རྒྱུས། དམངས་གཙོ། རང་དབང་། ཀུན་སྤྱོད་སོགས་དང་འབྲེལ་བའི་དཔེ་དེབ་དུ་མ་ཞིག་བརྩམས་ཡོད་པར་བོད་ཕྱི་ནང་གཉིས་ཀར་འདང་འཇོག་མཐོན་པོ་ཡོད་པ་མ་ཟད། ཁོང་གིས་བོད་ནང་གི་དགོན་སྡེ་དང་སློབ་གྲྭ་ཁག་ཏུ་འཆད་ཁྲིད་གནང་སྟེ་བོད་མི་རིགས་ཀྱི་རིག་གནས་དང་སྐད་ཡིག ཆོས་ལུགས། སློབ་གསོ་སོགས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎