རྒྱ་ནག་གཞུང་གིས་པཎ་ཆེན་དུ་བསྐོས་པ་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཡོང་རྒྱུ་ཡིན་འདུག
2024.12.11
AP
རྒྱ་ནག་གཞུང་གིས་པཎ་ཆེན་དུ་བསྐོ་གཞག་བྱས་པ་རྒྱལ་མཚན་ནོར་བུ། ཕྱི་ཟླ་ ༡༢ ཚེས་ ༡༤ ནས་ ༡༧ བར་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་བལ་ཡུལ་གྱི་ལུམ་བི་ནི་ (Lumbini) རུ་ཚོགས་འཆར་ཡོད་པའི་ལྷོ་ཨེ་ཤི་ཡའི་རྒྱ་ནག་རྒྱ་མཚོའི་ནང་པའི་ཚོགས་འདུ་ཐེངས་ ༩ སྟེང་ཡོང་འཆར་ཡོད་པ་བལ་ཡུལ་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཞིང་འབྲེལ་ཡོད་ལས་ཁུངས་ཤིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་དོན། བལ་ཡུལ་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་དང་ནང་བསྟན་ཀྱི་མཁས་པ་མང་དག་བྱོན་སའི་ས་ཁུལ་ཞིག་ཡིན་པ་རེད། ལུམ་བི་ནི་ནི་ནང་པ་སངས་རྒྱས་པའི་གནས་རྩ་ཆེན་ཞིག་ཆགས་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་གནས་འདི་ལྟ་བུ་བེད་སྤྱོད་དང་། རྒྱལ་མཚན་ནོར་བུ་ཆེད་དུ་གནས་དེར་བཏང་བ་ནི་ཡོངས་ཁྱབ་ཐོག་ནང་བསྟན་གྱི་བདག་དབང་གི་གོ་སྐབས་འཛིན་ཐབས་བྱེད་བཞིན་པ་ཞིག་དང་། ལྷག་པར་གནས་ཚུལ་དེ་རྒྱུད་བལ་ཡུལ་རྒྱལ་ཁབ་དེ་རྒྱ་ནག་གི་ཐད་བྱུས་འོག་ཡོད་པ་གསལ་པོ་ཆགས་ཡོད་པ་མ་ཟད། བལ་ཡུལ་ནང་ཁུལ་གྱི་སྲིད་དོན་ཐད་ནས་རྩོད་རྙོག་ཡོང་གཞི་ཞིག་ཆགས་རྒྱུ་ཡིན་པ་གསུངས་སོང་།
བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱལ་མཚན་ནོར་བུ་ཕྱི་ཚེས་ ༡༢ ནས་བལ་ཡུལ་ནང་ཡོང་གི་ཡོད་འདུག་ལ། ཐེངས་འདིའི་ནང་བསྟན་ཚོགས་འདུ་དེ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ལྷག་པར་བལ་ཡུལ་གྱི་སྲིད་བློན་ཀེ་པི་ པྲ་སདྷི་ ཤརྨ་ ཨ་ལི་ (Khadga Prasad Sharma Oli) རྒྱ་ནག་ཏུ་གཟིགས་སྐོར་དུ་ཆེད་སྐྱོད་ཀྱིས་རྒྱ་ནག་གཞུང་དང་མཉམ་དུ་བོད་ཀྱི་ཚབ་ལ་ཤི་ཙང་བེད་སྤྱོད་བྱ་རྒྱུའི་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ནས་ཉིན་ཤས་ལས་སོང་མེད་པའི་དུས་མཚམས་འཁེལ་ཡོད་པ་དང་། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཐབས་བྱུས་ཉམས་ཞིབ་ལྟེ་གནས་ཁང་(Observer Research Foundation)གྱི་ཉམས་ཞིབ་པ་ཨ་ཏུལ་ ཀུ་མར་ (Atul Kumar) ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་དེ་སྔ་ཐེངས་མང་བལ་ཡུལ་ནང་གཏོང་འཆར་བྱས་ཀྱང་བཏང་ཐུབ་མེད་པ་དང་། ད་རེས་ཀྱི་གནས་ཚུལ་དེ་ཡང་གསར་འགྱུར་བརྒྱུད་ལམ་དུ་ཡོང་བ་ལས་དངོས་སུ་ཡོང་ཐུབ་མིན་དོགས་གཞི་ཡིན་པ་དང་། གལ་ཏེ་ཡོང་བ་ཡིན་ན་བལ་ཡུལ་གྱི་སྲིད་བློན་ཨོ་ལི་ཡིས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་གཞན་ཚོར་ཐག་གཅོད་དེའི་ཁེ་ཕན་སྐོར་ཡིད་ཆེས་འབྱུང་ཐུབ་པ་ཞིག་བཟོ་དགོས་པ་མ་ཟད། དེ་ལྟར་བྱུང་བ་ཡིན་ན་བལ་ཡུལ་གྱི་སྲིད་བློན་ཁོང་རྒྱ་གར་དང་ཨ་རིའི་མིག་སྣང་དུ་རྒྱ་ནག་གི་གསོས་ཁྱི་ལྟ་བུར་འགྱུར་འགྲོ་བ་མ་ཟད། བལ་ཡུལ་གྱི་སྲིད་དོན་ཁྲོད་ཤུགས་རྐྱེན་དང་རྩོད་གཞི་ཡོང་གཞིར་གྱུར་ཡོད་པའི་སྐོར་ཡིག་ཐོག་ནས་གསལ་བཤད་གནང་བྱུང་།
སྤྱིར་དེང་སྐབས་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད། ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་ཆེད་དུ་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་སྐྱིད་ཀྱིས་ལས་ཀ་བྱེད་བཅུག་པ་དང་། འདི་ལོ་ཁོ་བོད་ནང་དུ་བསྡད་དེ་བོད་ཀྱི་ས་ཁུལ་གང་སར་ཆེད་གཏོང་གིས་བོད་མི་ཚོས་དམར་ཤོག་ཚོགས་པའི་ཁ་ལ་ཉན་དགོས་པ་དང་། ནང་བསྟན་རྒྱ་སྒྱུར་མགྱོགས་མྱུར་གཏོང་དགོས་པ་སོགས་ཀྱི་གཏམ་བཤད་རིམ་པར་སྤེལ་བཅུག་ཡོད་པ་རེད་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ནས། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་ད་བར་བོད་ནང་གི་བོད་མི་ཚོར་ཀླད་པ་དཀྲུ་ཆེད་བེད་སྤྱོད་བྱས་ཡོད་ན་ཡང་། ཐེངས་འདིར་ཁོ་ཕྱི་ཕྱོགས་ཀྱི་ནང་བསྟན་གླེང་སྟེགས་ཤིག་ཏུ་བཏང་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པས། གནད་དོན་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་ལྷོ་ཨེ་ཤ་ཡའི་ཡུལ་གྲུ་ཁག་ཏུ་ནང་བསྟན་བེད་སྤྱོད་ཀྱིས་རྒྱ་ནག་དམར་ཤོག་གི་བསམ་བློ་དྲིལ་བསྒྲགས་བྱེད་ཐབས་དང་། གཉིས་ནས་རྒྱལ་མཚན་ནོར་བུ་དེ་རྒྱ་ནག་གཞུང་གིས་གསེར་བུམ་དཀྲུག་ནས་ངོས་འཛིན་བྱས་པའི་སྤྲུལ་སྐུ་ཞིག་ཡིན་པས། ༧གོང་ས་མཆོག་གི་ཡང་སྤྲུལ་སོགས་ཀྱི་གནད་དོན་ཐད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱལ་མཚན་ནོར་བུ་རྒྱ་ནག་གིས་ཡིད་ཆེས་བློས་འགེལ་ཆོག་པའི་མི་སྣ་ཞིག་བཟོ་ཐབས་ཆེད་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་རྒྱ་ནག་སྐམ་ས་ཆེན་མོའི་ཕྱི་ཕྱོགས་སུ་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་ཧོང་ཀོང་དུ་ཚོགས་པའི་འཛམ་གླིང་ནང་བསྟན་བགྲོ་གླེང་ཚོགས་ཆེན་སྟེང་ཞུགས་བཅུག་ཡོད་པ་རེད་ལ། གཉིས་པ་དེ་ཕྱི་ལོ་ ༢༠༡༩ ལོར་ཐེ་ལནཌིའི་ནང་ཆེད་གཏོང་གིས། སྐབས་དེར་རྒྱལ་མཚན་ནོར་བུས་ཡུལ་དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་སྣེ་འཁྲིད་འོག རྒྱ་ནག་མི་མང་འབྱོར་ལྡན་དང་སྟོབས་ཤུགས་ཅན་དུ་བསྒྱུར་བར་ང་ཚོས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་སོགས་དམར་ཤོག་གི་བསམ་བློ་དྲིལ་བསྒྲགས་ཐབས་བྱས་ཡོད་པ་རེད་ལ། ཐེངས་འདིར་ཁོ་བལ་ཡུལ་ནང་ཡོང་འཆར་ཐད། གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ནང་བསྟན་གྱི་ཚོགས་འདུ་དེ་ལྟ་བུ་ཞིག་བལ་ཡུལ་ནང་ཆེད་ཚོགས་དང་། རྒྱལ་མཚན་ནོར་བུ་ཆེད་གཏོང་བྱེད་བཞིན་པས། རྒྱ་ནག་གཞུང་གིས་ས་ཁམས་ཆབ་སྲིད་ཐབས་བྱུས་བེད་སྤྱོད་ཀྱིས་དམར་ཤོག་གི་བསམ་བློ་རྒྱ་སྐྱེད་ཐབས་དང་། སྟོན་པ་བཅོམ་ལྡན་འདས་འཁྲུངས་ཡུལ་དུ་ཚོགས་འདུ་འཚོགས་པ་དེས། རྒྱ་ནག་གིས་འཛམ་གླིང་ནང་པའི་སྤྱི་ཚོགས་ཀྱི་འགོ་ཁྲིད་ཀྱི་ནུས་པ་འདོན་ཐབས་བྱེད་བཞིན་པ་མཚོན་བཞིན་པར་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།