བོད་ནང་གི་གནས་བབས་སྐོར་གཏམ་བཤད་གནང་བ་དེ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་འགྲེལ་བཤད་ལོག་པ་བརྒྱབ་པ།
རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྟེན་གཞི་བྱས་པའི་ཇར་མ་ནིའི་དགེ་རྩ་ཁང་ཞིག་གི་འགོ་འཛིན་གྱིས་བོད་ནང་གི་གནས་བབས་སྐོར་གཏམ་བཤད་གནང་བ་དེ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་འགྲེལ་བཤད་ལོག་པ་རྒྱག་འདུག་ཟེར་ཏེ་དགེ་རྩ་ཁང་དེས་ཡོ་བསྲང་ཐེར་འདོན་གྱི་གསལ་བསྒྲགས་གནང་སྟེ། གནས་ཚུལ་ལུང་འདྲེན་བྱེད་མཁན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་སྤེལ་ཁང་ལ་ཕྱིར་སྐྱོན་བརྗོད་བྱས་འདུག དེ་ཡང་ཕྱི་ཚེས་ ༢༦ ཉིན་པེ་ཅིང་ནང་རྟེན་གཞི་བྱས་པའི་ཇར་མ་ནིའི་ Hanns Seidel Foundation ཞེས་པའི་དགེ་རྩའི་ལས་ཁུངས་དེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། Hans Seidel Foundation ཀྱི་འགན་འཛིན་སྐུ་ཞབས་ Alexander Birle ཡིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་སྐོར་གྱི་གཏམ་བཤད་བྱས་པ་ཞིག་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱེད་ཕྱོགས་ཀྱི་ཐོག་ནས་གོ་དོན་ལོག་པ་དང་བརྗོད་དོན་དངོས་དང་མ་མཚུངས་པ་ཤིག་སྤེལ་བ་དེར་ངོས་ལེན་གནང་ཐབས་བྲལ་བ་ཡིན་སྐོར་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་གནང་འདུག མ་ཟད་གསར་འགོད་གསལ་བསྒྲགས་དེའི་ནང་གོང་ཞུས་ཀྱི་ཇར་མ་ནིའི་དགེ་རྩ་དེ་རྒྱ་ནག་ནང་ཁྲིམས་ལུགས་གཙོ་དོན་ཡོང་ཐབས་ཀྱི་འབྲེལ་མོལ་ལས་དོན་ལོ་མང་རིང་གནང་ཡོད་པའི་སྐོར་གསུངས་ཤིང་། ལྷག་པར་རྒྱ་ནག་གི་འཛུགས་བསྐྲུན་ཐོག་ཡར་རྒྱས་མ་ཕྱིན་པའི་ནུབ་ཕྱོགས་ཀྱི་ཞིང་ཆེན་ཁག་གི་ནང་དེའི་ཐོག་ཤུགས་གནོན་སྐྱོན་ཡོད་པའི་སྐོར་བརྗོད་ཡོད་པ་རེད་འདུག ཡང་འདིའི་སྐོར་ཇར་མ་ནིའི་ནང་རྟེན་གཞི་བྱས་པའི་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Initiative Deustchland ཞེས་པའི་འགན་འཛིན་ Tenzyn Zochbauer གྱིས་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་ Hanns Seidel Foundation དགེ་རྩས་བོད་ནང་གི་གནས་བབས་སྐོར་བརྗོད་དོན་བཀོད་སྤེལ་བྱེད་པའི་ཐད་གསལ་བཤད་དང་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བའི་ནང་། བོད་ནང་གི་རིག་གཞུང་ཐོག་རྒྱ་ནག་དམར་པོའི་གཞུང་གིས་རྩ་མེད་བཟོ་བའི་ཐབས་བྱུས་དང་བོད་ནང་གི་བྱིས་པ་ས་ཡ་གཅིག་ཙམ་ཞིག་གཏན་འཇགས་སློབ་གྲྭ་ཁག་བཅུག་པ་དང་བོད་མིའི་རིགས་རྫས་ DNA བཙན་ཐབས་ཀྱིས་བསྡུ་ལེན་བྱེད་པ་སོགས་ཀྱི་སྐོར་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བ་དེའི་ནང་བཀོད་གནང་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།