༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོ་དང་། ལྦིཡེཏ་ནམ། ཀོ་རི་ཡ་སོཊ་ནས་དད་ལྡན་པ་ ༣༠༠ ཙམ་ལ་མཇལ་ཁ་སྩལ་གནང་པ།
ཟླ་ ༡༢ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་པ་ ༣༠༠ ལྷག་ལ་མཇལ་ཁ་སྩལ་གནང་ཡོད་པ་དང་། ཐེངས་འདིའི་མཇལ་ཁའི་ཁྲོད། རང་བཙན་གཞོན་ནུའི་རོལ་དབྱངས་ཚོགས་པའི་སྒྱུ་རྩལ་བ་ཕུར་པ་ཚང་ཚེ་རིང་དཔལ་འབྱོར་ལགས་ལ་ཡང་མཇལ་ཁ་ཐོབ་ཡོད་པ་དང་། འདི་ག་གསར་འགོད་པས་མཇལ་ཁ་གྲུབ་མཚམས་ཚོར་བ་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་༧གོང་ས་མཆོག་མཇལ་རྒྱུའི་བསྐལ་བ་བཟང་པོ་ཞིག་བྱུང་བ་མ་ཟད། ༸མགོན་པོ་མཆོག་གིས་དམིགས་བསལ་ཁོང་ལ་ཐུགས་མཉེས་པོ་ཞེ་དྲགས་གནང་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་སོག་རིགས་དད་ལྡན་པ་ཁྱོན་ ༢༢ ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་པའི་ཁོངས། ལོ་ན་ ༧༩ ཡིན་པའི་ (Nurzed Bat) ལགས་ཀྱིས། སོག་ཡུལ་ནས་ད་རེས་ཐེངས་དང་པོར་༸གོང་ས་མཆོག་མཇལ་བར་བཅར་ཡིན་པས་ཚོར་བ་ཧ་ཅང་སྐྱིད་པོ་དང་། ༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་ནང་པའི་དད་ལྡན་པ་་རྣམས་ལ་གསུང་ཆོས་དང་མཇལ་ཁ་མུ་མཐུད་སྩལ་གནང་རྒྱུའི་བསྐལ་བཟང་བྱུང་བའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། མཇལ་ཁ་ཐོབ་མཁན་འབྲས་སྤུངས་བློ་གསལ་གླིང་ནས་ཡིན་པའི་དགེ་བཤེས་ངག་དབང་ཆོས་དགའ་ལགས་ཀྱིས་གསུངས་ན། ༧མགོན་པོ་མཆོག་མཇལ་ནས་སྔར་བྱུང་མ་མྱོང་བའི་དགའ་ཚོར་དང་ལྷག་པར་དུ་དགའ་འོས་པའི་གཏམ་བཟང་ནི་༸མགོན་པོ་མཆོག་གི་སྐུའི་འཕྲོད་བཞེས་གང་ལེགས་ཡོད་པ་མཇལ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་། ཡང་ལྦིཡེཏ་ནམ་ནས་ཡིན་པའི་ (Michelle Truong) ལགས་ཀྱིས། ༧གོང་ས་མཆོག་མཇལ་བར་བརྗོད་དཀའ་བའི་ཚོར་སྣང་ཞིག་བྱུང་ཞིང་། ཐེངས་འདིར་༸མགོན་པོ་མཆོག་གིས་དམིགས་བསལ་བཀའ་གང་ཡང་ཕེབས་མེད་ཀྱང་ཞལ་མཇལ་དང་ཕྱག་དབང་ཐོབ་པར་སེམས་སྐྱིད་པོ་བྱུང་། ཞེས་འགྲེལ་བརྗདོ་གནང་གི་འདུག
ཡོང་རྒྱུའི་ཟླ་འདིའི་ཚེས་ ༡༠ སྟེ། ༸གོང་ས་མཆོག་ལ་འཛམ་གླིང་ནོར་ལྦེ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༥ འཁོར་བའི་ཉིན་མོ་དང་བསྟུན། ནིའུ་ཛི་ལེན་ཌི་དང་ཧྥི་ཇིའི་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཉིན་མོ་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོའི་ཐོག་བཅར་རྒྱུ་དང་། ཉིན་དེའི་སྔ་དྲོར་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།