ཡོ་རོབ་ཁུལ་ཆུ་ལོག་གི་རྐྱེན་ངན་གོད་ཆགས་ཆེན་པོ་འབྱུང་བཞིན་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་བསྩལ་གནང་མཛད་འདུག

2021-07-17
Share
ཡོ་རོབ་ཁུལ་ཆུ་ལོག་གི་རྐྱེན་ངན་གོད་ཆགས་ཆེན་པོ་འབྱུང་བཞིན་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་འཚམས་འཕྲིན་བསྩལ་གནང་མཛད་འདུག ཇར་མེ་ནིའི་ནང་ཆུ་ལོག་གི་རྐྱེན་ངན་གོད་ཆགས་ཆེན་པོ་འབྱུང་བཞིན་པ།
ཨེ་ཨེཕ་པི།

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་གྱི་སྲིད་བློན་ལྕམ་Angela Merkel མཆོག་དང་སྦེལ་ཇམ གྱི་སྲིད་བློན་ De Croo སོ་སོར་ཐུགས་གསོའི་འཚམས་འཕྲིན་བསྩལ་གནང་མཛད་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དྲྭ་གནས་ཐོག་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་གསལ་བསྒྲགས་གནང་འདུག

ཐུགས་གསོའི་འཚམས་འཕྲིན་གྱི་ནང་། དེང་སྐབས་བྱང་ཡོ་རོབ་ཀྱི་ས་ཁུལ་སྤྱི་དང་ལྷག་པར་དུ་འཇར་མན་དང་སྦེལ་ཇམ་ནང་དེ་སྔོན་བྱུང་མྱོང་མེད་པའི་ཆུ་ལོག་གི་གོད་ཆགས་ཚབས་ཆེ་འབྱུང་བཞིན་པའི་གནས་ཚུལ་གསན་གཟིགས་བྱུང་བར་ཐུགས་ཕམ་བྱུང་བར་མ་ཟད། མི་ཤི་སྐྱོན་ཆགས་དང་ཁང་ཁྱིམ་གཏོར་བཤིག་སོང་བ། མི་གྲངས་སྟོང་ཚོ་མང་པོར་དཀའ་ཚེགས་ཆེན་པོ་འཕྲད་བཞིན་པ་ནི་ཆེས་སེམས་སྡུག་གི་གནས་སྟངས་ཡིན་པ་བཀའ་གནང་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་འཚམས་འཕྲིན་དེའི་ནང་། གོད་ཆགས་ཕོག་པར་ཚོར་འབྲེལ་ཡོད་ཚོས་ཕན་རོགས་ཅི་ཐུབ་བྱེད་བཞིན་ཡོད་པ་མཁྱེན་རྟོགས་ཡོད་ཅེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་ཚེ་སྲོག་ཤོར་བའི་གཉེན་ཉེ་ཤུལ་ལུས་ཚོར་ཐུགས་སྨོན་ཐུགས་གསོ་དང་། འབྱུང་བའི་ཆགས་སྒོ་འདིའི་འོག་དཀའ་སྡུག་མྱོང་བཞིན་པ་ཚོར་གདུང་སེམས་མཉམ་སྐྱེ་དང་ཐུགས་སྨོན་མཚམས་སྦྱོར་མཛད་བཞིན་ཡོད་པ་བཀའ་གནང་འདུག

འཇར་མི་ནི་དང་སྦེལ་ཇམ་ཁུལ་འདས་པའི་ཉིན་ཤས་ནང་དྲག་ཆར་བསྟུས་མར་བབས་པའི་རྐྱེན་གྱིས་ཆུ་ལོག་གི་དོན་རྐྱེན་འོག་ད་བར་ཡུལ་གྲུ་དེ་གཉིས་ནང་ མི་གྲངས་༡༥༧ ཙམ་གྱི་ཚེ་སྲོག་ཤོར་བ་དང་མི་གྲངས་སྟོང་ཕྲག་མང་པོའི་སྡོད་ཁྱིམ་དང་རྒྱུ་ནོར་རྩ་མེད་ཕྱིན་ཏེ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས།

རྩོམ་སྒྲིག་འགན་འཛིན། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།