དགེ་བཤེས་ཚོས་སློབ་སྦྱོང་གནང་བ་དེ་དག་རིག་པའི་ལམ་ནས་སློབ་ཁྲིད་གནང་རྒྱུ་གལ་ཆེ། ༧གོང་ས་མཆོག་གིས།


2019.12.04
དགེ་བཤེས་ཚོས་སློབ་སྦྱོང་གནང་བ་དེ་དག་རིག་པའི་ལམ་ནས་སློབ་ཁྲིད་གནང་རྒྱུ་གལ་ཆེ། ༧གོང་ས་མཆོག་གིས། ༧གོང་ས་མཆོག་ནས་གདན་ས་གྲྭ་ཚང་ཁག་ནས་དགེ་བཤེས་ཐོན་ཏེ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་ནང་བཞིན་པའི་དགེ་བཤེས་༦༡ ལ་མཇལ་ཁ་དང་ཕྱག་ཚོད་ཕྱེད་ཀ་ལྷག་རིང་བཀའ་སློབ་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་ལེགས་སྨོན།

ཟླ་བ་འདིའི་སྤྱི་ཚེས་༠༤ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་གྲྭ་ཚང་ཁག་ནས་དགེ་བཤེས་ཐོན་ཏེ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་ནང་བཞིན་པའི་དགེ་བཤེས་༦༡ ལ་མཇལ་ཁ་དང་ཕྱག་ཚོད་ཕྱེད་ཀ་ལྷག་རིང་བཀའ་སློབ་གནང་བའི་ནང་། དགེ་བཤེས་ཚོས་ནང་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་པ་དེ་སོ་སོ་རང་ཉིད་ཀྱི་ཉམས་སུ་བླངས་ཏེ་འགྲོ་བ་མི་གཞན་ལ་ལུང་བསྟན་པ་ཙམ་མིན་པར་རིག་པའི་ལམ་ནས་སློབ་ཁྲིད་གནང་རྒྱུ་གལ་ཆེན་ཡིན་པའི་སྐོར་བཀའ་ཕེབས་འདུག

ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་གཞུང་ནང་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཞིག་ཡོད་པའི་བརྗོད་བྱ་རྣམས་བསྡོམས་བརྒྱབ་ན། ཚན་རིག་གི་སྡེ་ཚན་གཅིག་དང་། ལྟ་གྲུབ་ཀྱི་སྡེ་ཚན་གཅིག ནང་ཆོས་ཀྱི་སྡེ་ཚན་གཅིག་བཅས་གསུམ་ཡོད་པ་ལས། ཚན་རིག་དང་ལྟ་གྲུབ་ཀྱི་སྡེ་ཚན་དེ་དག་ཤེས་ཡོན་གྱི་ལམ་ནས་སློབ་ཁྲིད་བྱས་པ་ཡིན་ན། ཆོས་དད་མེད་མཁན་ཚོ་ལ་ཡང་ཕན་ཐོགས་ཡོད་པ་བཀའ་གནང་ཡོད་པ་རེད།
ད་ཐེངས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་མཁན་གདན་ས་ཆེན་པོ་གསུམ་གྱི་དགེ་བཤེས་ཁག་ཅིག་དང་། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བཀྲིས་ལྷུན་པོ། དེ་བཞིན་ར་སྟོད་གྲྭ་ཚང་བཅས་ནས་ཁྱོན་དགེ་བཤེས་༦༡ ཡོད་པ་དེའི་ནང་དགེ་བཤེས་ལྷ་རམས་པ་༣༨ ཡོད་འདུག

བོད་མིའི་རྣམས་བཙན་བྱོལ་ལ་ཕེབས་པའི་རྗེས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་རྒྱུད་སྟོད་གྲྭ་ཚང་ནི་གསང་སྔགས་ཀྱི་གཞུང་ཐོག་སློབ་གཉེར་གནང་སའི་ལྟེ་གནས་ཞིག་ཏུ་འགྱུར་ཡོད་པ་དང་། རྒྱུན་དུ་རི་བོ་དགེ་ལུགས་པའི་གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད་གཉིས་བཅས་ཀྱི་བར་དེ་སྔ་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དེ་ད་སྐབས་འབྲེལ་བ་ཟབ་ཏུ་འགྲོ་བཞིན་ཡོད་པ་མ་ཟད། གོང་ཞུས་དགོན་སྡེ་གྲྭ་ཚང་དེ་དག་གིས་གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས་ནང་པའི་གཞུང་ལུགས་ཀྱི་མདོ་སྔགས་གཉིས་ལ་སློབ་གཉེར་གནང་བཞིན་པ་དགེ་བཤེས་རྣམ་པས་གསུང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎