མི་དམངས་སྟོང་ཕྲག་མང་པོ་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ནང་ལ་འཛུལ་ནས་ངོ་རྒོལ།
2019.07.01
དབྱིན་ཇིའི་གཞུང་གིས་ཧོང་ཀོང་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་པའི་དུས་དྲན་ཉིན་མོར་ཧོང་ཀོང་མི་མང་སྟོང་ཕྲག་མང་པོ་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ནང་ངོ་རྒོལ་རྔམ་སྟོན་བྱས་འདུག
ཕྱི་ཟླ་ ༧ ཚེས་༡ཉིན་མོ་དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་པའི་ཉིན་མོ་ཡིན་པ་དང་། ད་ལོར་ཧོང་ཀོང་གི་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་ནས་ལོ་ངོ་ཉི་ཤུ་རྩ་གཉིས་འཁོར་གྱི་ཡོད་ཅིང་། ཕྱི་ཟླ་བདུན་པའི་ཚེས་༡ཉིན་གྱི་སྔ་ནུབ་ནས་ཧོང་ཀོང་དམངས་ཁྲོད་དུ་དེའི་སྔོན་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་ལུགས་གཏན་འབེབས་བྱ་རྒྱུར་ངོ་རྒོལ་གྱི་ལས་འགུལ་ནང་རྐྱེན་འདས་སུ་ཕྱིན་པའི་མི་གཉིས་ལ་མྱ་ངན་གྱི་ལས་འགུལ་སོགས་སྤེལ་ནས་གཞོན་སྐྱེས་མང་པོ་ཞིག་སྔ་ས་ནས་གྲོས་ཚོགས་ཀྱི་སྒོ་འགྲམ་དུ་བསྡད་ནས་ཉིན་གང་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་དྲོར་ངོ་རྒོལ་ལས་འགུལ་བ་མང་པོ་ཉེན་རྟོག་པའི་བཀག་སྡོམ་ལས་བརྒལ་ནས་ཧོང་ཀོང་གི་གྲོས་ཚོགས་ནང་འཛུལ་ཏེ་གྲོས་ཚོགས་ཀྱི་གྱང་ངོས་སུ་ཚོན་རྩི་བྱུག་པ་དང་། ཧོང་ཀོང་གི་རྒྱལ་དར་དང་དབྱིན་ཇིའི་རྒྱལ་དར་མཉམ་དུ་བཞག་པ་སོགས་བྱས་ཡོད་པ་དང་། ཧོང་ཀོང་ཉེན་རྟོག་པས་མུ་མཐུད་ནས་དེ་ལྟར་བྱས་ཚེ་དྲག་གནོན་བྱ་རྒྱུའི་ཉེན་བརྡ་བཏང་བའི་རྗེས། མཚན་མོའི་ཚོུད་༡༢ཡས་མས་སུ་ཉེན་རྟོག་པས་ངོ་རྒོལ་བ་ཚོའི་ཐོག་མིག་ཆུ་ཤོར་བའི་དུག་རླངས་སོགས་བཏང་ནས་གྲོས་ཚོགས་ནང་འཛུལ་མཁན་གྱི་ངོ་རྒོལ་བ་ཡོངས་རྫོགས་ཕྱིར་འབུད་བྱས་ནས་གྲོས་ཚོགས་ཀྱི་ཕྱིར་ཉེན་རྟོག་པ་འཕོན་ཆེ་འགྲེམས་འཇོག་གིས་དམ་དྲག་ཀྱི་རྣམ་པ་ཤུགས་ཆེ་མཐོང་རྒྱུ་ཡོད་པ་རེད།
ཧོང་ཀོང་གྲོས་ཚོགས་ནང་ཕྱི་ཟླ་ ༧་ཚེས་༡ཀྱི་རྗེས་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་མུ་མཐུད་ནས་ཉེས་ཅན་པ་རྩིས་སྤྲོད་ཁྲིམས་ལུགས་གཏན་འབེབས་ཕྱིར་འཐེན་བྱ་རྒྱུར་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཀེ་རོལ་ལེམ་ལ་གནོན་ཤུགས་སྤྲོད་རྒྱུ་མ་ཟད། ཕྱི་ཟླ་ ༧་ཚེས་༡༠ཉིན་གྲོས་ཚོགས་ནང་སྤྱི་ཁྱབ་འགན་འཛིན་ཀེ་རོལ་ལེམ་སྤྱི་ཁྱབ་འགན་འཛིན་གྱི་ལས་གནས་ནས་གནས་དབྱུངས་གཏོང་རྒྱུའི་གྲོས་གཞི་བཏོན་རྒྱུ་ཡིན་སྐོར་བརྗོད་འདུག
ཧོང་ཀོང་གི་བདག་དབང་རྒྱ་ནག་གཞུང་གིས་༡༩༩༧ལོར་རྩིས་ལེན་བྱས་ནས་ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལོ་ངོ་ལྔ་བཅུའི་རིང་ལག་བསྟར་བྱ་རྒྱུ་རྒྱ་ནག་དང་དབྱིན་ཇིའི་དབར་ཆིངས་ཡིག་བཞག་ཡོད་པ་རེད། ཡིན་ན་ཡང་བདག་དབང་རྩིས་ལེན་བྱས་ནས་ད་བར་ལོ་ངོ་༢༢ལས་ཟིན་མེད་པའི་སྐབས་འདིར་ཧོང་ཀོང་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་གཏོང་བཞིན་ཡོད་པར་བརྟེན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ད་ཆ་ཧོང་ཀོང་ནང་མུ་མཐུད་དུ་ལག་བསྟར་ཐུབ་ཐབས་མེད་པའི་གནས་སྟངས་སུ་སླེབས་ཡོད་པར་ཧོང་ཀོང་མི་དམངས་ཚོས་སེམས་ཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།