རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གསར་འགོད་པ་དང་ལས་འགུལ་བའི་ཐོག་དམ་དྲག་ཆེ་རུ་འགྲོ་བཞིན་པ།

2020-12-26
Share
རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གསར་འགོད་པ་དང་ལས་འགུལ་བའི་ཐོག་དམ་དྲག་ཆེ་རུ་འགྲོ་བཞིན་པ། རྒྱ་གཞུང་གིས་འཛིན་བཟུང་དང་བཙོན་འཇུག
HRW

རྒྱ་ནག་ནང་ཀོ་ཝིཌ་༡༩ ཏོག་དབྱིབས་རིམས་ནད་དང་དེ་མིན་གྱི་གནད་དོན་ཐོག་གནས་ཚུལ་འབྲི་སྤེལ་བྱེད་མཁན་དང་། དེ་བཞིན་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་གསར་འགོད་པ་དང་བདེན་དོན་འཐབ་རྩོད་པ་མང་པོ་ཞིག་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡༢ ནས་གང་བྱུང་འཛིན་བཟུང་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ཨ་རིའི་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་བཏོན་པའི་སྙན་ཐོའི་ནང་བཀོད་འདུག
འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་རྒྱ་ནག་གཞུང་གིས་མི་སྣ་དེ་རིགས་འཇུ་བཟུང་སྐབས་ཁོང་ཚོས་ཁྲིམས་དང་འགལ་བའི་ལས་ཀ་ཇི་བྱས་གསལ་བཏོན་ཡང་བྱས་མེད་པར་བརྟེན། རྒྱ་ནག་གཞུང་གིས་ཁྲིམས་དང་མ་མཐུན་པའི་ཐོག་ནས་འཇུ་བཟུང་བྱས་པ་དེ་དག་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་དགོན་འདུན་བཏོན་འདུག
ཡ་ཅིའུ་ཝང་ནི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པའི་ཞིབ་འཇུག་པ་ཞིག་ཡིན་ཞིང་། ཁོང་གིས་རྒྱ་ནག་གཞུང་གིས་གསར་འགོད་པ་དང་བདེན་དོན་འཐབ་རྩོད་པ་འཇུ་བཟུང་བྱེད་བཞིན་པ་དེས་རྒྱ་ནག་ནང་འཕྲད་བཞིན་པའི་དངོས་ཡོད་ཀྱི་དཀའ་ངལ་དེ་དག་སེལ་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག
རྒྱ་ནག་ནི་འཛམ་གླིང་ནང་གསར་འགོད་རང་དབང་ཐོག་དམ་དྲག་བྱེད་མཁན་སྡུག་ཤོས་གྲས་སུ་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་མཁན་གྱི་རྒྱལ་སྤྱིའི་ཚོགས་པ་མང་ཆེ་བས་ངོས་འཛིན་བྱེད་བཞིན་ཡོད་ལ། ལྷག་པར་དུ་བོད་ལྟ་བུར་ཆ་བཞག་ན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་སུ་ཡང་རང་དབང་གི་ཐོག་ནས་འགྲོ་བསྐྱོད་བྱེད་དུ་འཇུག་གི་མེད་པ་རེད།
སྔ་ལོ་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་གནས་ཚུལ་འགོད་མཁན་གསར་འགོད་པ་དང་སྨན་པ། དེ་བཞིན་བདེན་དོན་འཐབ་རྩོད་པ་མང་དག་ཞིག་འཇུ་བཟུང་དང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཅིང་། འཛམ་གླིང་ནང་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་ཏོག་དབྱིབས་༡༩ རིམས་ནད་ཀྱི་གནས་ཚུལ་སྦས་གསང་ཆེན་པོ་བྱས་པར་བརྟེན། གནད་དོན་དབྱེ་ཞིབ་པ་མང་པོས་འཛམ་གླིང་ཁྱོན་ཡོངས་ལ་རྒྱ་ནག་གི་བྱ་སྤྱོད་དེས་རྐྱེན་པས་རིམས་ནད་དེར་དུས་ཐོག་གདོང་ལེན་བྱེད་རྒྱུར་འགོག་རྐྱེན་བཟོས་ཡོད་པ་བརྗོད་བཞིན་ཡོད་པ་རེད།
སྔ་ལོ་ཕྱི་ཟླ་ ༡༢ ནས་འཇུ་བཟུང་བཙོན་འཇུག་བྱེད་པའི་ཁོངས་སུ་རྒྱ་ནག་ནང་གི་གསར་འགོད་པ་དང་བདེན་དོན་འཐབ་རྩོད་པ། སྨན་པ་དང་ཚོང་པ་སོགས་ཡོད་ཅིང་། ཁོང་ཚོ་འགའ་ཤས་ལ་སྤྱི་ཚོགས་ནང་འཁྲུགས་རྐྱེན་སློང་བ་ཟེར་བའི་སྤྱི་དམངས་ཁྲིམས་ཡིག་དེའི་འོག་ནས་ལོ་ལྔ་ཙམ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ལ། ཡང་འགའ་ཤས་གར་ཡོད་ཤེས་རྟོགས་ཀྱང་མེད་པར་གྱུར་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།