ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ཉིན་མཛོད་དགེ་གཟའ་རུ་རོང་འབྲོག་གཉིས་ཀྱིས་བརྟན་བཞུགས་ཕུལ་སོང་།

བཀའ་ཟུར་སྐྱབས་རྗེ་༧ཀིརྟི་རིན་པོ་ཆེ་ཕྱི་ལུགས་ལྟར་དགུང་གྲངས་༨༡ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་བསྟུན། སྤྱི་ཟླ་༨པའི་ཚེས་༨ཉིན་ཁོང་གི་འཁྲུངས་ཡུལ་གཟའ་རུ་རོང་འབྲོག་གཉིས་ཀྱིས་གོ་སྒྲིག་གནང་སྟེ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་གནད་སྨིན་སྔོན་དུ་འགྲོ་བའི་ཐོག་ནས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་བརྟན་བཞུགས་བསྟར་འབུལ་ཅིག་ཞུས་ཡོད་ཅིང་། སྐབས་དེར་ཀིརྟི་རིན་པོ་ཆེ་ཡིས་ཕ་ཡུལ་མི་མང་གི་རེ་བ་ལྟར་ཁོང་གི་༧སྐུའི་འཕྲོད་བཞེས་གང་གཟབ་གང་བཟང་གནང་རྒྱུ་ཡིན་པ་དང་། ཁོང་གི་འཁྲུངས་སྐར་ནམ་ཡིན་ལ་ཕ་ཡུལ་དུ་ཡུལ་མི་ཚོར་རྒྱ་ནག་གཞུང་གིས་གཙིར་གནོན་ཤུགས་ཆེ་དང་། ལྷག་པར་ན་ནིང་ནས་བཟུང་སྐུ་པར་ཡང་འཇོག་བཅུག་གི་མེད་པ་སོགས་ལ་བརྟེན། ས་གནས་རྒྱ་ནག་གི་ལས་བྱེད་པ་ཚོས་ཁོང་གི་འཁྲུངས་སྐར་དང་བརྟན་བཞུགས་ལ་ཁག་བཞག་སྟེ། བོད་ནང་ཁོང་ལ་དད་ལྡན་མི་མང་ཚོར་བཙན་གནོན་མི་བྱེད་རོགས་ཞེས་འབོད་སྐུལ་གནང་སོང་།
༧ཀིརྟི་རིན་པོ་ཆེ་ཡིས་བརྟན་བཞུགས་ཕུལ་བར་གལ་ཏེ་ཕ་ཡུལ་གྱི་མི་མང་ཚོར་འབྲེལ་བ་གནང་ན། རྒྱ་ནག་གཞུང་གིས་དཀའ་ངལ་བཟོ་ཉེན་ཡོད་པར་བརྟེན། ཁོང་གིས་བཀའ་གནང་བ་བཞིན་གཙོ་བོ་རྒྱ་གར་དང་ཕྱི་རྒྱལ་དུ་བཞུགས་པའི་གཟའ་རུ་རོང་འབྲོག་ཚོས་བརྟན་བཞུགས་ཕུལ་བ་ཞིག་ཡིན་པ་བཀའ་གནང་གི་འདུག་ཅིང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་དཔོན་རེ་མདོ་སེང་གེ་ལགས་ནས། ད་ལོའི་བརྟན་བཞུགས་འདི་སྔར་དང་ཅུང་མི་འདྲ་བ་ཞིག་ནི། རིན་པོ་ཆེ་ཕྱི་ལུགས་ལྟར་དགུང་གྲངས་༨༢ཕེབས་པ་དང་། བརྟན་བཞུགས་ཕུལ་མཁན་གྱི་འགན་ཁུར་མི་སྣ་ཚོ་ཡང་རིན་པོ་ཆེའི་འཁྲུངས་ཡུལ་མཛོད་དགེ་གཟའ་རུ་སྟག་མོ་སྒང་གི་ཕ་ཡུལ་གཅིག་པ་ཚོས་ཕུལ་གནང་བ་འགྲེལ་བརྗོད་གནང་བྱུང་།
སློབ་དཔོན་རེ་མདོ་སེང་གེ་ལགས་ཀྱིས། ༧ཀིརྟི་རིན་པོ་ཆེ་ནི་ད་ལྟའི་ཆར་རྒྱ་ནག་གིས་ཆ་བགོས་བྱས་བའི་མཛོད་དགེ་རྫོང་གི་ཁྱབ་ཁོངས་གཟའ་རུ་སྟག་མོ་སྒང་དུ་འཁྲུངས་བ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཀིརྟི་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་གནང་བ་དང་། རིམ་པས་གདན་ས་སྟག་ཚང་ལྷ་མོ་དགོན་དུ་ཁྲི་འདོན་གནང་བ་སོགས་ངོ་སྤྲོད་གནང་བྱུང་།
༧ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་ནི་བོད་སྤྱི་དང་ཁྱད་པར་མདོ་སྨད་དུ་དགོན་ལྷ་སྡེ་མང་པོའི་བདག་པོ་དང་། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཕྱག་རྗེས་ཆེ་བའི་བླ་ཆེན་ཞིག་ཡིན་པ་མ་ཟད། ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པས་བཙན་བྱོལ་བོད་གཞུང་གི་བཀའ་བློན་གྱི་མཛད་འགན་བཞེས་པ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གསར་བཞེངས་གནང་བ་བཅས། ཆོས་དང་རིག་གཞུང་འཛིན་སྤེལ་ལ་ཕྱག་ལས་རྒྱ་ཆེན་པོ་གནང་ཡོད་ཁར། ཀིརྟིའི་དགེ་རྩ་ཚོགས་པ་ནས་ཉམ་ཐག་ལ་ལྟ་སྐྱོང་གནང་སྦྱིན་དང་སློབ་ཡོན་འབུལ་བ་སོགས་སྤྱི་ཚོགས་བདེ་རྩའི་ཕྱག་ལས་ཀྱང་རྒྱ་ཆེར་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།