དུས་འཁོར་དབང་ཆེན་གནང་སར་ཕྱི་ནས་མི་ཚོགས་འཛོམས་རྒྱུ་རྒྱ་ནག་གིས་བཀག་འགོག་བྱེད་ཐབས་བྱས་མིན་ལ་མ་བལྟོས་བར་མི་གྲངས་ཁྲི་ཚོ་མང་པོ་འཛོམས་འདུག
མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྗེ་བླ་མ་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་གིས་སྤྱི་ཟླ་དགུ་བའི་ཚེས་༡༥ནས་༡༧བར་མདོ་ལྷོའི་མཛོད་དགེ་རྩྭ་ཐང་བྱེའུ་སྙིང་ཐང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་དང་པོ་གནང་རྒྱུ་གཏན་འཁེལ་སྟབས། གློ་བུར་དུ་གནས་དེར་མི་ཚོགས་ཧ་ཅང་གི་མང་པོ་འཛོམས་ཡོད་པ་དང་། དེ་འབྲེལ་འདི་ཚེས་༡༠་ཉིན་གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་གྲོང་རྡལ་མི་དམངས་སྲིད་གཞུང་ཟེར་བས་བརྡ་ཁྱབ་ཞིག་བཏང་སྟེ། ད་ཐེངས་དུས་འཁོར་དབང་ཆེན་ལ་ས་ཁུལ་གཞན་དག་གི་སེར་སྐྱ་མང་ཚོགས་ཆེད་གནས་ཡུལ་སོགས་གོ་སྒྲིག་བྱས་མེད་པས། ཆོས་ཚོགས་ཀྱི་བྱེད་སྒོ་འཆམ་མཐུན་དང་། བརྟན་བརླིང་། བདེ་བླག་བཅས་ཡོང་བ་དང་། ཡུལ་དངོས་ཀྱི་འགྲིམ་འགྲུལ་འགག་པ་དང་། འཚང་ཁ་རྒྱག་པ། དོ་དམ་རྙོག་དྲ་སོགས་གནས་ཚུལ་མི་ཡོང་ཆེད་། ས་ཁུལ་གཞན་དག་གི་སེར་སྐྱ་མང་ཚོགས་རྣམས་ཆོས་ཚོགས་ཀྱི་ཡུལ་དངོས་སུ་མི་འགྲོ་བ་དང་། ཡོང་ཡོད་པ་ཚོ་ཕྱིར་ལོག་པའི་ཁ་ཏ་བྱེད་རྒྱུ་ཡིན་པས་ཕན་ཚུན་ལ་བརྡ་གཏོང་དགོས་བ་སོགས་བསྒྲགས་ནས་འགོག་ཐབས་བྱས་མིན་ལ་མ་བལྟོས་བར། ད་ལྟ་བོད་ཀྱི་ས་ཁུལ་གང་ས་ནས་བོད་མི་ཁྲི་ཚོ་མང་པོ་འཛོམས་ཡོད་པ་དང་། གོང་བརྗོད་བརྡ་ཁྱབ་དེ་དང་པོ་སྤེལ་ས་གཙོས་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་ཁུངས་ཀྱི་འཕྲིན་སྟེགས་དྲྭ་ལམ་སོགས་ནས་ནག་བསུབས་བཏང་སྟེ་མཐོང་མི་ཐུབ་པ་བཟོས་འདུག
ས་གནས་ནས་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་ན། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཉིན་ཤས་གོང་གློ་བུར་དུ་བརྡ་ཁྱབ་སྤེལ་བ་དང་ས་གནས་སུ་གསལ་བརྡ་བཏང་ནས། དུས་འཁོར་དབང་ཆེན་གནང་སར་བོད་ཀྱི་ས་ཁུལ་གཞན་དག་གི་སེར་སྐྱ་མང་ཚོགས་ཡོང་རྒྱུར་བཀག་སྡོམ་དང་ཕྱིར་ཕུད་བྱེད་ཐབས་བྱས་ཡོད་ཀྱང་། ས་གནས་སུ་སྔ་ས་ནས་མི་ཚོགས་ཧ་ཅང་གི་མང་པོ་འཛོམས་ཡོད་པའི་ཐོག མུ་མཐུད་དུ་ས་གནས་གང་ས་ནས་བོད་མི་དང་རྒྱ་མི། སོག་པོ་སོགས་མང་པོ་ཡོང་བཞིན་པར་བརྟེན། རྙོག་ཟིང་གི་གནས་ཚུལ་རིགས་མི་འབྱུང་ཆེད་དུ་ཡིན་ནམ་གང་ལྟར་བརྡ་ཁྱབ་བཏང་བ་ལྟར་བཀག་འགོག་བྱེད་ཐུབ་མེད་པ་དང་། ད་ལྟ་ས་གནས་སུ་གང་ས་ནས་མི་གྲངས་ཁྲི་ཚོ་མང་པོ་འཛོམས་ཡོད་པའི་ཚོད་དཔག་བྱེད་བཞིན་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་ད་ཐེངས་ཀྱི་དུས་འཁོར་དབང་ཆེན་འདི་ཉེ་ལམ་ཕྱི་ཟླ་༧པའི་ནང་རྒྱ་ནག་གི་ཆོག་མཆན་ཐོབ་པ་ལྟར་གཏན་འཁེལ་བྱས་ནས་ས་གནས་སུ་གྲ་སྒྲིག་བྱས་ཡོད་ཀྱང་། གློ་བུར་དུ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་སྤྱི་ཟླ་༨པའི་ནང་ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར་བདུན་བཅུ་འཁོར་བའི་ཁུལ་སྟོན་དང་། གཞུང་འབྲེལ་ཚོགས་འདུ་ཁག་ཅིག་ལ་འཁེལ་ཡོད་པས་ཕྱིར་འགྱངས་བྱེད་དགོས་བ་བརྗོད་ནས་ད་བར་དུ་བཀག་འགོག་བྱས་ཡོད་པ་རེད།
དེའི་སྔོན་ཉེ་ལམ་སྤྱི་ཟླ་༧པའི་ནང་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་མང་རྫོང་ངམ་མང་ར་ཡུལ་གྱི་ཨ་ཐིས་དགོན་པའི་དགོན་བདག་ཨ་ཐིས་རིན་པོ་ཆེ་ཡིས། མང་རྫོང་ས་གནས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུ་གཏན་འཁེལ་ཟིན་ནས་གྲ་སྒྲིག་བྱས་སྐབས་གློ་བུར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བཀག་འགོག་གིས་རྡུལ་མཚོན་དཀྱིལ་འཁོར་ནང་ཆུ་བླུགས་ནས་གཏོར་བའི་གནས་ཚུལ་བྱུང་ཡོད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།