དབྱིན་ཡུལ་གྱི་ (London Borough) ཞེས་པའི་མངའ་ཁུལ་དུ་རྒྱ་ནག་གི་གཞུང་ཚབ་ཁང་རྒྱག་རྒྱུར་ས་གནས་འབྲེལ་ཡོད་ལས་ཁུངས་ཀྱིས་ངོས་ལེན་གནང་མི་འདུག
དེ་ཡང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་ཁོངས་སུ་གཏོགས་པའི་ (London Borough) ཞེས་པའི་མངའ་ཁུལ་དུ་རྒྱ་ནག་གཞུང་གི་གཞུང་ཚབ་ཁང་ཞིག་གསར་དུ་རྒྱག་རྒྱུར། དེ་སྔ་ཕྱི་ལོ་༢༠༢༢ ལོར་ཞུ་གཏུགས་བྱས་པ་དེ་དག་ལམ་ལྷོང་མ་བྱུང་ཡང་སླར་ཡང་ཞུ་གཏུགས་བྱས་པ་བརྒྱུད་འདི་ཚེས་༩གཟའ་ཟླ་བའི་ཉིན་ (Tower Hamlets Council) ཞེས་པའི་འབྲེལ་ཡོད་ལྷན་ཁང་དེའི་ཐོག་ནས་ཐག་གཅོད་བྱེད་སྐབས་ཕྱོགས་ཚང་མའི་ངོས་ནས་ཉན་ཞིབ་གནང་རྗེས་མང་མོས་བྱུང་མེད་པར་བརྟེན་ས་གནས་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་རྒྱ་བསྐྱེད་ལ་ངོས་ལེན་གནང་མེད་པ་རེད། སྐབས་དེར་མངའ་ཁུལ་དེར་རྒྱ་ནག་གཞུང་ཚབ་ཁང་རྒྱག་རྒྱུར་ངོ་རྒོལ་བྱེད་མཁན་ཁོངས་སུ་རྒྱལ་ས་ལོན་ཌོན་ལ་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཁང་(Free Tibet) ཞེས་པ་དང་། ཧོང་ཀོང་མང་གཙོ་དོན་གཉེར་བ། དེ་བཞིན་ས་གནས་ཉེ་འཁྲིས་ཀྱི་ཉེན་རྟོག་མི་སྣ་བཅས་ཡོད་འདུག
(London Borough)་ཞེས་པ་དེ་ནི་རྒྱལ་ས་ལོན་ཌོན་གྱི་ཕྱི་ཕྱོགས་ཀྱི་རྫོང་ཁག་༣༢ ཡོད་པའི་ས་ཁུལ་ཞིག་ཡིན་པ་རེད།
བོད་རང་དབང་ལས་འགུལ་ཁང་དང་ས་གནས་བོད་རིགས་ཚོས་ཞུ་གཏུགས་རིམ་པ་བྱས་ཡོད་པ་མ་ཟད། གཟའ་ཟླ་བའི་ཉིན་ཉན་ཞིབ་གནང་བའི་སྐབས་བོད་མི་ཚོ་ཚོགས་ཁང་ཕྱི་ནང་གཉིས་ཀར་བཅར་བ་མ་ཟད་ཕྱི་ཕྱོགས་སུ་ངོ་རྒོལ་ཡང་བྱས་ཡོད་འདུག ལྷག་པར་དུ་དབྱིན་ཡུལ་ནང་བཅའ་སྡོད་ཧོང་ཀོང་མང་གཙོ་དོན་གཉེར་བ་(Jason Chao)་ཡིས། གལ་སྲིད་མངའ་ཁུལ་དེའི་ནང་རྒྱ་ནག་གཞུང་ཚབ་ཁང་རྒྱབ་པ་ཡིན་ན་མངའ་ཁུལ་དུ་གནས་སྡོད་ཧོང་ཀོང་བ་དང་བོད་རིགས། ཡུ་གུར་བ་ཚོའི་ཐོག་བསུན་གཙེར་དང་སྲུང་སྐྱོབ་ཀྱི་ཆ་ནས་ཀྱང་ཉེན་ཁ་ཆགས་རྒྱུ་ཡིན་ལུགས་ཞུས་འདུག
གལ་སྲིད་གཞུང་ཚབ་ཁང་གསར་པ་དེ་རྒྱག་རྒྱུའི་ཆོག་མཆན་ཐོབ་པ་ཡིན་ན། དེ་ནི་ཡོ་རོབ་ནང་རྒྱ་ནག་གཞུང་ཚབ་ཁང་ཆེ་ཤོས་དེ་ཆགས་རྒྱུ་ཡིན་འདུག་ལ་དེའི་སྟེང་གཞུང་ཚབ་ཁང་དང་འབྲེལ་བ་ཡོད་པའི་ལས་བྱེད་སྡོད་ཁང་། རིག་གཞུང་བསྟི་གནས་ཁང་སོགས་བཤོངས་ཡུལ་གྱི་ས་ཁུལ་ཞིག་ཆགས་རྒྱུའི་འཆར་གཞིའི་ནང་འཁོད་ཡོད་འདུག ད་རེས་འཆར་གཞི་འདི་བཞིན་ལམ་ལྷོང་བྱུང་མེད་ཀྱང་མཐའ་མའི་ཐག་གཅོད་དེ་བཞིན་དབྱིན་ཡུལ་གཞུང་ནས་འཆར་ལོའི་ཕྱི་ཟླ་གཉིས་པའི་ནང་གནང་གི་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།