བདམས་ཐོན་སྤྱི་འཐུས་རྣམས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོང་ཆེད་རང་ལུས་མེར་སྲེག་བཏང་བ་ཡིན་ཟེར།

2021-06-21
Share
བདམས་ཐོན་སྤྱི་འཐུས་རྣམས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོང་ཆེད་རང་ལུས་མེར་སྲེག་བཏང་བ་ཡིན་ཟེར། བློ་བཟང་བསྟན་འཛིན་ལགས།
RFA

རྒྱ་གར་ཧོན་སུར་གཞིས་ཁུངས་ཀྱི་བློ་བཟང་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་དོན་ནི། བདམས་ཐོན་སྤྱི་འཐུས་རྣམ་པའི་བར་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གྱིས་༧གོང་ས་མཆོག་གི་དགོངས་པ་མ་དཀྲུག་ཡོང་ཆེད་དུ་ཡིན་པ་དོ་བདག་རང་ཉིད་ནས་གསུངས་བྱུང་།
ཟླ་བ་འདིའི་ཕྱི་ཚེས་༢༠་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠་དང་ཕྱེད་ཙམ་ཞིག་ལ་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཁུངས་སྤྱི་མི་བློ་བཟང་བསྟན་འཛིན་ལགས་ཀྱིས། རང་ལུས་མེར་བསྲེགས་བཏང་ཡོད་ཀྱང་སྐབས་ཐོག་མེ་བསད་ཐུབ་པ་བྱུང་བར་བརྟེན་ད་ལྟའི་ཆར་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད། འདི་ཚེས་༢༡་ཉིན་འདི་གའི་གསར་འགོད་པས་ཁོང་ལ་དེ་ལྟར་གནང་དགོས་པའི་རྒྱུ་མཚན་ཅི་ཡིན་བཅར་འདྲི་ཞུ་སྐབས། ཁོང་གིས། སྐབས་༡༧་པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པས་དམ་བཅའ་འབུལ་བཞེས་ཀྱི་གནད་དོན་དང་འབྲེལ་གྲོས་ཚོགས་ཚོགས་མ་ཐུབ་པའི་དཀའ་རྙོག་དེར་སེམས་ཕམ་བྱུང་ཞིང་། དེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དཀྲུག་གཞིར་མི་འགྱུར་བའི་ཆེད། བདམས་ཐོན་སྤྱི་འཐུས་ཤོག་ཁག་གཉིས་བར་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོང་རྒྱུའི་རེ་བ་བཅངས་ཏེ་ཁོང་གིས་རང་ལུས་མེར་བསྲེགས་གནང་བ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་འདི་གའི་གསར་འགོད་པས་ཁོང་ལ་རང་ལུས་མེར་བསྲེགས་གཏོང་ཐབས་གནང་བ་དེས་སྤྱི་ཚོགས་ཀྱི་ནང་འགྲེལ་བརྗོད་འདྲ་མིན་སྣ་ཚོགས་ཡོང་བཞིན་པ་དེས་གླེང་གཞི་ཆེ་རུ་དང་༧གོང་ས་མཆོག་དགོངས་པ་དཀྲུག་པའི་རྐྱེན་དུ་འགྱུར་མི་སྲིད་དམ་ཞེས་དྲིས་སྐབས། ཁོང་གིས། སྤྱི་ཚོགས་ནང་འཁྲུག་རྐྱེན་ཆགས་རྒྱུ་རེད་བསམ་མེད། ང་མི་དཀྱུས་མ་ཞིག་རེད། ཡིན་ན་ཡང་༧གོང་ས་མཆོག་ཐུགས་ཕམ་ཡོང་གི་རེད་བསམ་པའི་ཚོར་སྣང་སླེབས་བྱུང་། ང་རང་སེམས་ཕམ་བྱུང་བ་དང་མཉམ་ལྷག་བསམ་རྣམ་དག་གིས་དེ་ལྟར་བྱས་བ་ཡིན་པ་ངོ་སྤྲོད་གནང་བྱུ་ང།
གཞན་བོད་ནང་བོད་མི་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་དགོས་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་སྡུག་རྩུབ་དྲག་གནོན་བྱེད་པར་ངོ་རྒོལ་གྱི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བ་དང་། ཁོང་ནས་ད་ལྟ་བཙན་བྱོལ་བོད་མིའི་དཀའ་རྙོག་གནས་སྟངས་འདི་ལྟ་བུའི་ཐོག་ནས་རང་ལུས་མེར་བསྲེགས་གནང་བ་དེ་གཉིས་གཅིག་མཚུངས་ཆགས་ཀྱི་ཡོད་མིན་བཅར་འདྲི་ཞུས་དུས། ཁོང་གིས། བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་རང་ལུས་མེར་སྲེག་དང་བསྡུར་ཐབས་མེད། ཁོང་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གནང་བ་རེད། ངས་ནི་ང་མི་གཅིག་གི་རང་ལུས་མེར་སྲེག་བཏང་བ་ཡིན་ན་སྤྱི་འཐུས་རྣམ་པ་མཐུན་སྒྲིལ་ཡོང་བར་ཕན་གྱི་རེད། དེ་ནས་རྒྱལ་བའི་དགོངས་པ་དཀྲུག་གི་མ་རེད་བསམ་པ་ཙམ་ཡིན་ཅེས་གསུངས་བྱུང་།
དེ་སྔོན་ཁོང་གིས་སྤྱི་ཚོགས་དྲ་ལམ་ཁག་གི་ནང་བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གྱི་བོད་སྤྱི་པའི་རྩ་དོན་གི་ཐོག་ནུས་པ་མཉམ་སྤུངས་ཀྱི་བོད་མི་ནང་ཁུལ་ཆོལ་ཞེན་འཐེན་འཁྱེར་གྱི་༧གོང་ས་མཆོག་གི་དགོངས་པ་དཀྲུགས་གཞི་ལས་དོན་མི་བརྩམ་པའི་དམ་འབུལ་གནང་འདུག་ལ་མགྱོགས་མྱུར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་སྔོན་ལ་ད་ལྟའི་བོད་མི་མང་སྤྱི་འཐུས་ཀྱི་དཀའ་རྙོག་དེ་སེལ་ཐུབ་པའི་རེ་བ་གནང་གི་འདུག
འདི་ཚེས་༢༡་ཉིན་གྱི་ཞོགས་པ་བློ་བཟང་བསྟན་འཛིན་ལགས་སུ། ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་རྣམ་པས་སྨན་བཅོས་གནང་ཡོད་ཅིང་། ཁོང་གིས་ལུས་པོ་བརྒྱ་ཆ་དྲུག་ནས་བདུན་བར་མེས་ཚིག་པ་ལས་ཛ་དྲག་ཆེ་བ་གང་ཡང་མེད་པ་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་བསྟན་འཛིན་ཆོས་ཉིད་ལགས་ཀྱི་གསུང་གནང་བྱུང་།
བློ་བཟང་བསྟན་འཛིན་ལགས་ཀྱིས་རང་ཁྱིམ་ཏུ་རང་ལུས་མེར་བསྲེགས་བཏང་སྐབས་ཁོང་གི་བོུ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཆུ་བླུགས་ཏེ་མེ་བསད་ཡོད་པ་རེད་འདུག རང་ལོ་༦༠་ཙམ་ལ་སོན་པ་ཧོན་སུར་གྲོང་སྡེ་ཨ་ཡེ་ནང་བཞུགས་པ་སྤྱི་མི་བློ་བཟང་བསྟན་འཛིན་ལགས་ནི། ནམ་རྒྱུན་བོད་དོན་ཐོག་སེམས་ཁུར་ཆེ་ཞིང་བོད་དོན་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁོང་གི་དཔྲལ་བར་རས་ནག་པོ་གདམ་ཏེ་དེའི་ཐོག་བོད་དོན་འཐབ་རྩོད་མཚོན་པ་རྩོད་ཞེས་བྲིས་པ་དེ་རྟག་ཏུ་གྱོན་གྱི་ཡོད་པ་རེད་འདུག་ལ་ད་ལྟའི་ཆར་ཁོང་ནས་རབ་རྒྱས་གླིང་གཞིས་ཁུངས་ཀྱི་སྤྱི་མིའི་འགན་འཁུར་གནང་ནས་ལོ་བཅུ་ཙམ་འགྲོ་བཞིན་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།