རྒྱ་གར་གྱི་སྲིད་བློན་མོ་དྷིས་མཆོག་གིས་ཨ་རིའི་ནང་ཉིན་གྲངས་བཞིའི་རིང་འཚམས་གཟིགས་གནང་བཞིན་འདུག
རྒྱ་གར་གྱི་སྲིད་བློན་ན་རན་རྡར་མོ་དྷིས་(Narendra Modi)མཆོག་ཨ་མི་རི་ཀའི་ནང་ཉིན་གྲངས་བཞིའི་རིང་གི་གཞུང་འབྲེལ་འཚམས་གཟིགས་ཆེད་ཕེབས་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་༢༡རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་འགྲམ་ཐང་ཆེན་དུ་(Yoga)་ཞེས་རྩ་རླུང་སྒོམ་སྦྱོང་གི་འདུ་འཛོམས་ལ་མཉམ་ཞུགས་གནང་ནས་རྒྱལ་སྤྱིའི་རྩ་རླུང་སྒོམ་སྦྱོང་གི་ཉིན་མོར་རྒྱབ་སྐྱོར་གནང་བ་དང་མཉམ་ཨ་མི་རི་ཀའི་ནང་གི་འཚམས་གཟིགས་འགོ་འཛུགས་གནང་ཡོད་པ་རེད། འདུ་འཛོམས་དེའི་སྐབས་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་(Richard Gere)་ལགས་མཉམ་ཞུགས་གནང་འདུག
སྲིད་བློན་(Narendra Modi)་མཆོག་གིས་འདི་ཚེས་༢༡ནས་༢༤བར་གྱི་ཉིན་གྲངས་བཞིའི་རིང་ཨ་རིའི་ནང་འཚམས་གཟིགས་གནང་རྒྱུའི་མཛད་འཆར་གཙོ་བོའི་ཁོངས་སུ། ཨ་མི་རི་ཀའི་གྲོས་ཚོགས་ནང་མགྲོན་འབོད་གནང་བ་ལྟར་གྲོས་ཚོགས་གོང་འོག་ཚང་འཛོམས་སར་གཏམ་བཤད་གནང་རྒྱུ་ཡིན་པ་དང་། དེ་ནི་ཨ་རིའི་གྲོས་ཚོགས་ནང་གཏམ་བཤད་གནང་རྒྱུ་ཐེངས་གཉིས་པ་དེ་ཆགས་རྒྱུ་ཡིན་འདུག་ལ། ད་བར་རྒྱ་གར་གྱི་སྲིད་བློན་ཞིག་གིས་ཨ་རིའི་གྲོས་ཚོགས་ཚང་འཛོམས་སར་གསུངས་བཤད་ཐེངས་གཉིས་གནང་མཁན་གྱི་སྲིད་བློན་དང་པོ་དེ་ཆགས་རྒྱུ་ཡིན་པ་རེད། ཚེས་༢༢ ཉིན་སྲིད་བློན་མཆོག་ཕོ་བྲང་དཀར་པོའི་ནང་ཕེབས་ནས་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་མཇལ་འཕྲད་གནང་གི་ཡོད་པ་དང་། སྐབས་དེར་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་མི་ཚོས་ཕོ་བྲང་དཀར་པོའི་མདུན་དུ་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕེབས་བསུ་བྱེད་འཆར་འདུག
སྲིད་བློན་མོ་དྷི་མཆོག་ཨ་རིར་ཕེབས་ཐོན་མ་གནང་བའི་གོང་སྤྱི་བསྒྲགས་ཞིག་སྤེལ་བའི་ནང་། ད་རེས་ཨ་རིར་འཚམས་གཟིགས་བརྒྱུད་ང་ཚོ་མང་གཙོའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡག་པོ་བཟོ་ཐབས་གལ་ཆེན་ལ་བརྩི་རྒྱུ་དང་། ཨ་རིའི་ནང་གི་ཚོང་དོན་ཚན་པ་ཁག་ཅིག་གི་འགན་འཛིན་དང་མཇལ་འཕྲད་ཀྱིས་འཕྲུལ་ལས་དང་ཚོང་འབྲེལ་ཡར་རྒྱས་གཏོང་ཐབས་སུ་བཀའ་བསྡུར་གནང་འཆར་ཡོད་ཅེས་གསུངས་ཡོད་པ་ལྟར། ཚེས་༢༡ཉིན་སྲིད་བློན་མཆོག་གིས་(Tesla)་མོ་ཀྲ་བཟོ་ཚོང་ལས་ཁང་གི་སྦྱིན་བདག་གཙོ་བོ་(Elon Musk)་དང་། དེ་བཞིན་ཨ་རིའི་བོད་ཁང་གསར་འཛུགས་གནང་མཁན་གྲས་བོད་ཀྱི་ནང་བསྟན་རིག་པའི་མཁས་དབང་སློབ་དཔོན་(Robert Thurman)་ལགས་བཅས་དང་མཇལ་འཕྲད་གནང་འདུག
སྲིད་བློན་(Modi)་མཆོག་གིས་དེ་སྔ་ཕྱི་ལོ་༢༠༡༤ལོར་སྲིད་བློན་གྱི་ལས་འཁུར་ཞུས་པ་ནས་བཟུང་། ད་བར་ཨ་རིའི་ནང་ཐེངས་མང་པོ་ཕེབས་མྱོང་ཡོད་པ་དང་། དམིགས་བསལ་ད་ལྟའི་ཨ་རིའི་སྲིད་འཛིན་(Joe Biden) མཆོག་གི་གཞུང་འཛིན་རིང་འཚམས་གཟིགས་གནང་བ་ད་རེས་ཐེངས་གསུམ་པ་ཆགས་ཀྱི་ཡོད་འདུག
གསར་འགོད་པ། མཁའ་འགྲོ་དབྱངས་འཛོམས། ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།