སོག་པོའི་སྲིད་འཛིན་ཟུར་པ་འོས་མིར་ལངས་མི་ཆོག་པ་བཟོས་འདུག
2017.05.15
སོག་པོའི་གཞུང་ཕྱོགས་ནས་ཡུལ་དེའི་སྲིད་འཛིན་ཟུར་པ་ཕྱི་ཟླ་དྲུག་པའི་རྒྱལ་ཡོངས་འོས་བསྡུའི་ནང་ལངས་མི་ཆོག་པ་བཟོས་འདུག
དེ་ཡང་རུའོ་ཀྲར་གསར་ལས་ཁང་གིས་ཕྱི་ཚེས་༡༥་ཉིན་སོག་པོའི་རྒྱལ་ས་ཝུའུ་ལན་པ་ཐོར་ནས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། རྩོད་གཞི་ཅན་གྱི་སོག་པོའི་སྲིད་འཛིན་ཟུར་པ་(Nambar Enkhbayar) འོས་བསྡུའི་དེབ་སྐྱེལ་གྱི་སྒྲིག་གཞི་དང་འགལ་ཞིང་། ཁོང་གི་༢༠༡༢་ལོའི་ལྐོག་རྔན་བླངས་བའི་ཉེས་བསགས་གནད་དོན་བཅས་ཀྱི་རྐྱེན་པས་འདི་ལོའི་ཕྱི་ཟླ་༦་པའི་སྲིད་འཛིན་འོས་བསྡུའི་ནང་ལངས་ན་མི་འགྲིག་ཚུལ་ཡུལ་དེའི་འོས་བསྡུ་ལྷན་ཁང་ནས་བརྗོད་ཡོད་པ་རེད།
སོག་པོའི་སྲིད་དོན་མི་སྣའི་ཁྲོད་ཧ་ཅང་གི་སྐད་གྲགས་ཡོད་པའི་སྲིད་འཛིན་ཟུར་པ་(Nambar Enkhbayar) འདི་ལོའི་ཕྱི་ཟླ་དྲུག་པའི་ཚེས་༢༦་ཉིན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ལངས་རྒྱུར་སོག་པོ་མི་དམངས་གསར་བརྗེ་ཚོགས་པ་ཞེས་པས་འདེམས་སྒྲིག་བྱས་པ་ཞིག་ཡིན་ཡང་ཡུལ་དེའི་འོས་བསྡུ་ཚོགས་ཆུང་གིས་གཟའ་ཉི་མའི་ཉིན་གཞུང་འབྲེལ་དྲ་བ་བརྒྱུད་ཁོང་དེབ་སྐྱེལ་བྱེད་རྒྱུར་ངོས་ལེན་བྱས་མེད་ལུགས་བརྗོད་ཡོད་པ་རེད།
གོང་གི་གནས་ཚུལ་འདིའི་ཐད་སོག་པོ་མི་དམངས་གསར་བརྗེ་ཚོགས་པའི་མགྲིན་ཚབ་པར་བསམ་ཚུལ་ཅི་ཡོད་རུའོ་ཀྲར་གསར་ལས་ཁང་གིས་འདྲི་ཐབས་བྱས་ཡོད་ཀྱང་ལན་རག་མེད་པ་རེད།
ཉེ་བའི་ལོ་ཤས་ནང་སོག་པོའི་ཡུལ་དུ་དབུལ་ཕྱུག་གི་ཧེ་བག་ཆེན་པོ་བྱུང་བ་དང་། ཕྱི་རྒྱལ་གྱི་མ་རྩ་འཛུགས་མཁན་མེད་པར་ཆགས་པ་དེ་བཞིན་དཔལ་འབྱོར་ཉམས་རྒུད་ཀྱི་རྐྱེན་པས་སོག་པོའི་གཞུང་རྒྱལ་སྤྱིའི་རོགས་དངུལ་ཐེབས་རྩའི་རྒྱབ་སྐྱོར་ལ་མ་བསྟེན་ག་མེད་ཆགས་པ་སོགས་གནད་དོན་འདི་དག་གི་རྐྱེན་པས། ཡུལ་དེའི་མི་མང་རྣམས་འོས་བསྡུའི་ལམ་ནས་བདམས་པའི་གཞུང་གི་དཔོན་རིགས་ཚོའི་ཐོག་ཡིད་ཐང་ཆད་པའི་རྣམ་འགྱུར་ཇེ་ཆེར་འགྲོ་བཞིན་པ་རེད། གཞུང་གི་ཁེ་ལས་ཚན་པ་སྒེར་བདག་ཅན་དུ་བསྒྱུར་བ་ལས་ཁེ་ཕོག་བླངས་པའི་ཉེས་འཛུགས་ཀྱི་རྐྱེན་པས་སྲིད་འཛིན་ཟུར་བ་(Nambar Enkhbayar)་ཁོང་ཕྱི་ལོ་༢༠༡༢་ལོར་བཙོན་འཇུག་བྱས་པ་དེ་ནི་ཁོང་དང་ཁོང་གི་རྒྱབ་སྐྱོར་བ་དག་གིས་སྲིད་དོན་གྱི་ངོ་བོ་བསྒྱུར་བ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད་།
གསར་འགོད་པ་བོད་རྒྱལ།