བལ་ཡུལ་ནང་༧གོང་ས་མཆོག་གི་སྐོར་ལ་གསར་འགྱུར་སྤེལ་མཁན་གསར་འགོད་པ་གསུམ་ལ་ཞིབ་བཤེར།

2019-05-13
གློག་འཕྲིན།
མཆན།
Share
པར་བཀོད།
བལ་ཡུལ་ནང་བོད་མིའི་མཛད་སྒོ་ཞིག་གི་སྐབས། ༢༠༡༠།༡༢།༡༠
བལ་ཡུལ་ནང་བོད་མིའི་མཛད་སྒོ་ཞིག་གི་སྐབས། ༢༠༡༠།༡༢།༡༠
Lhuboom/RFA

བལ་ཡུལ་གྱི་གསར་འགོད་པ་གསུམ་གྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་གནས་ཚུལ་བཀོད་སྤེལ་བྱས་པར་བརྟེན་གཞུང་གིས་ཞིབ་བཤེར་བྱེད་བཞིན་ཡོད་འདུག
དེ་ཡང་ཕྱི་ཟླ་༥ཚེས་༡༢ ཉིན་ཀཐ་མཱན་ཌུ་ཡིག་ཟམ་(The Kathmandu Post) གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་གྱི་གཞུང་འབྲེལ་(RSS)གསར་འགྱུར་ཁང་གི་དབྱིན་ཡིག་གླེང་སྟེགས་ཀྱི་གསར་འགོད་པ་གསུམ་གྱིས་ཉེ་སྔོན་ཕྱི་ཟླ་ ༤ ཚེས་༢༧ ཉིན། ༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མེཀསྀ་(MAX)་སྨན་ཁང་ནས་སྙུན་གཞི་དྲག་སྐྱེད་བྱུང་སྟེ། ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་པའི་གསར་འགྱུར་ཞིག་སྤེལ་བར་བརྟེན་ད་ཆ་ཁོང་གསུམ་ལ་གཞུང་ཕྱོགས་ནས་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་སྤེལ་ཡོད་པ་དང་། ཞིབ་འཇུག་བྱ་ཡུལ་གསར་འགོད་པ་གསུམ་པོས་ཀཱཐ་མན་ཌུ་ཡིག་ཟམ་གསར་ལས་ཁང་ལ། ཏཱ་ལའི་བླ་མ་མཆོག་གི་གནས་ཚུལ་བཀོད་སྤེལ་རྗེས་ཀཱཐ་མན་ཌུར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་འདིའི་ཐད་སེམས་འཚབ་བྱུང་ལུགས་བལ་ཡུལ་གཞུང་ལ་ཞུས་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། བལ་ཡུལ་གཞུང་གིས་ཞིབ་འཇུག་བྱ་ཡུལ་གསར་འགོད་པ་གསུམ་གྱི་ཁོངས་ནས་(RSS)གསར་ཁང་གི་རྒྱལ་སྤྱིའི་གནས་ཚུལ་རྩོམ་སྒྲིག་སྡེ་ཚན་གྱི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སོམ་ནཱཐ་ལ་མི་ཆ་ནེ་(Somnath Lamichhane)ལགས་སུ་བཅར་འདྲི་བྱས་སྐབས། ཁོང་གིས་གནད་དོན་འདིས་རྒྱ་ནག་གཞུང་དང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་པ་ཚོ་ཧ་ཅང་ཧུར་པོ་ཡོད་པ་གསལ་པོར་བསྟན་པ་མ་ཟད།  ཁོང་ཚོས་བློན་ཆེན་ལས་ཁུངས་དང་སྲིད་བློན་ལས་ཁུངས་ཡང་གནོན་ཤུགས་སྤྲོད་ཀྱི་ཡོད་ལ། ང་ཚོའི་འགན་འཛིན་ལ་ཡང་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད་ཅེས་གསུངས་བྱུང་།
ད་དུང་ཁོང་གིས་ང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་གསར་འགྱུར་དེ་ཕབ་བསྒྱུར་གྱིས་བཀོད་སྤེལ་བྱས་པར།  སྟབས་མི་ལེགས་པར་བལ་ཡུལ་གཞུང་གི་འབྲེལ་ལམ་དང་འཕྲུལ་རིགས་བློན་ཆེན་གྷོ་ཀུལ་སྦསྀ་ཀོ་ཊ་(Gokul Baskota)་ལགས་ཀྱིས་ཐེ་གཏོགས་དང་སྐྱོན་བརྗོད་བྱས་ཡོད་པ་གསུངས་ཡོད་པ་རེད།
བལ་ཡུལ་གཞུང་གིས་ཞིབ་འཇུག་བྱ་དོན་གཙོ་བོ་ནི་སྐབས་དེ་དུས་བལ་ཡུལ་གྱི་སྲིད་འཛིན་ལྕམ་ སྦིདྱ་དྷེ་ཝི་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཡོད་པར་བརྟེན། བལ་ཡུལ་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཞིག་གི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གནས་ཚུལ་བཀོད་སྤེལ་བྱས་པ་དེས་བལ་ཡུལ་གྱིས་རྒྱ་ནག་གཅིག་ངོས་ལེན་བྱེད་པའི་སྲིད་ཇུས་དང་འགལ་ཟླ་ཕྱིན་པ་དང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གི་སེམས་ཚོར་ལ་རྩིས་མེད་བཏང་པ་ཞིག་མཚོན་པ་བལ་ཡུལ་འཕྲུལ་རིག་བློན་ཆེན་ སྦསྀ་ཀོ་ཊས་ཀཱཐ་མན་ཌུ་ཟམ་ཡིག་གསར་ལས་ཁང་ལ་བརྗོད་ཡོད་པ་རེད།
བལ་ཡུལ་གཞུང་གིས་གནོན་ཤུགས་དང་ཐེ་གཏོགས་བྱས་པའི་རྗེས་(RSS)གསར་ཁང་གི་ངོས་ནས་གནས་ཚུལ་འདིའི་ཐད་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་གསར་ཁང་དེས་༧གོང་ས་མཆོག་གི་སྐོར་གནས་ཚུལ་སྤེལ་བ་དེ་རྒྱ་ནག་གཅིག་གི་སྲིད་བྱུས་དང་འགལ་འཛོལ་བྱུང་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ཞིབ་འཇུག་བྱེད་མཁན་ཚོགས་ཆུང་དེའི་ཚོགས་གཙོ་གསར་ཁང་དེའི་ལས་བྱེད་(Bindi Ram Bataram)་ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད།  ཞིབ་འཇུག་དེ་འགྲོ་བཞིན་པ་དང་དེའི་གྲུབ་དོན་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་ལ། གསར་ཁང་དེ་ནི་གཞུང་གིས་བདག་བཟུང་བྱས་པ་ཞིག་ཡིན་ཞིང་། བལ་ཡུལ་དང་རྒྱ་ནག་གཞུང་གི་མཐུན་སྒྲིལ། རྒྱ་ནག་གཅིག་གི་སྲིད་བྱུས། བལ་ཡུལ་གྱི་ཕྱི་འབྲེལ་སྲིད་བྱུས་བཅས་ལ་གཞི་འཛིན་བྱས་ནས་ཞིབ་འཇུག་བྱས་པ་ཞིག་ཡིན་ལུགས་བརྗོད་ཅིང་། སྙན་ཐོ་དེ་གསར་ཁང་གི་གཙོ་འཛིན་བརྒྱུད་བལ་ཡུལ་དྲིལ་བསྒྲགས་བློན་ཆེན་ལ་འབུལ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།  འོན་ཀྱང་བལ་ཡུལ་གཞུང་གི་བྱ་སྤྱོད་འདི་གསར་འགོད་རང་དབང་ལ་དོ་ཕོག་བཏང་མིན་བཀའ་འདྲི་ཞུས་པའི་སྐབས། ཁོང་གིས་ལན་འདེབས་གང་ཡང་བྱེད་ཆོག་གི་མ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
བལ་ཡུལ་ནང་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀའི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་སེམས་འཚབ་ཀྱི་ངང་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་།  ད་རེས་བལ་ཡུལ་གྱི་གཞུང་འབྲེལ་བརྒྱུད་ལམ་ཁག་གཅིག་གི་ནང་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མེད་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྨན་བཅོས་གྲུབ་རྗེས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གྲུབ་པའི་གནས་ཚུལ་བཀོད་པ་ཙམ་གྱིས་གསར་འགོད་པ་ མོ་ཧ་ནི་རི་སཱལ་ (Mohani Risal) དང་། སོམ་ནཱཐ་ལ་མི་ཆ་ནེ་(Somnath Lamichhane) ཇི་ཝཱན་སྦན་དྷ་རི (Jivan Bhandari) གསུམ་གྱི་ཐོག་ཞིབ་འཇུག་བྱེད་བཞིན་པར་ཧྥརན་སིའི་རྒྱལ་ས་པེ་རིསྀ རུ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཤར་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སེདྷ་རིཀ་ཨལ་ཝིཡ་ནི་(Cedric Alviani)ལགས་ཀྱིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་བརྒྱུད་བལ་ཡུལ་གཞུང་ལ་བལ་ཡུལ་གཞུང་གི་དཔོན་རིགས་ཚོས་གསར་འགོད་པའི་རང་དབང་ལ་གུས་བརྩི་དང་རྒྱ་ནག་གི་གནས་ཚུལ་བཀག་འགོག་གི་རེ་འདུན་ལ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད།
ཞིབ་འཇུག་བྱ་ཡུལ་གྱི་གསར་འགོད་པ་གསུམ་གྱི་ནང་ནས་གཅིག་གིས་མིང་འདོན་མ་བྱས་པའི་ཐོག་ནས་ཀཱཐ་མན་ཌུ་ཟམ་ཡིག་གསར་ལས་ཁང་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་གྱི་གསར་འགྱུར་དེ་སྤེལ་བའི་ཉིན་གཅིག་གི་རྗེས་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གི་དཔོན་རིགས་ཤིག་བལ་ཡུལ་གཞུང་འབྲེལ་(RSS)གྱི་གཙོ་འཛིན་དང་ཐུག་འཕྲད་དུ་སླེབས་ཡོད་པ་བརྗོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།