མགར་རྩེ་འཇིགས་མེད་ཀྱི་གནས་སྟངས།
2013.04.20
༄༅༎ད་ལོའི་ཕྱི་ཟླ་དང་པོའི་ཚེས་ ༡་ཉིན་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་དུ་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་མགར་རྩེ་འཇིགས་མེད་ལགས་ཁོང་གི་གྲ་ཤག་ནས་འཛིན་བཟུང་བྱས་ཤིང་། སྐབས་དེར་ཁོང་གི་གྲ་ཤག་སྔོག་བཤེར་བྱས་པ་མ་ཟད། རྩིས་འཁོར་སོགས་གཞུང་བཞེས་བཏང་ནས་ ཁོང་བཙན་འཁྲིད་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང་། དེ་ནས་བཟུང་ཟླ་ངོ་གསུམ་ལྷག་ཕྱིན་ཡོད་ཀྱང་ཁོང་གི་ནང་མི་དང་ངོ་ཤེས་རྣམས་ཀྱིས་ཁོང་གི་ད་ལྟའི་གནས་སྟངས་དང་། ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད་འདུག
མགར་རྩེ་འཇིགས་མེད་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་དགོས་དོན་གཙོ་བོ་ནི། ཁོང་གིས་ཉེ་ལམ་འགྲེམས་སྤེལ་བྱས་པའི་བཙན་པོའི་སྙིང་སྟོབས་ཀྱི་དཔེ་དེབ་གཉིས་པའི་ནང་ཆབ་སྲིད་ཀྱི་ནང་དོན་ཡོད་པར་བསྙད་བཏགས་པ་དང་། ཁོང་གིས་ཕྱག་དེབ་དེ་འགྲེམས་སྤེལ་བྱ་རྒྱུར་བཀག་འགོག་བྱས་ཡོད་འདུག མགར་རྩེ་འཇིགས་མེད་ལགས་ནི་་༡༩༩༩ ནས་གསར་རྩོམ་གྱི་ལས་ལ་ཞུགས་ནས་རྩོམ་རིག་བྱ་དགའ་མི་ཉུང་བ་ཐོབ་ཡོད་ལ་མི་རྣམས་ཀྱིས་ཀྱང་དགའ་མོས་ཆེན་པོ་ཞུས་ཡོད། ཁོང་གིས་བཙན་པོའི་སྙིང་སྟོབས་ཞེས་པའི་དཔེ་དེབ་དེ། ཕྱི་ལོ་ ༢༠༠༨་ ལོར་གསར་དུ་བཏོན་ཡོད་པ་དང་ད་ལོར་གསར་དུ་བཏོན་པའི་བཙན་པོའི་སྙིང་སྟོབས་ཞེས་པའི་ནང་བོད་མིའི་རང་ལུས་མེ་སྲེག་དང་། བཙན་བྱོལ་བོད་གཞུང་། ༸གོང་ས་མཆོག ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། ཆོས་བརྒྱུད་བླ་ཆེན་རྣམ་པ། བོད་ཀྱི་ཐོབ་ཐང་། བོད་ཀྱི་ཞི་རྒོལ་། བོད་ཀྱི་ཁོར་ཡུག་དང་ གྲངས་ཉུང་མི་རིགས་སོགས་རེ་རེ་བཞིན་རྒྱ་ནག་གི་སྲིད་བྱུས་ལ་སྦྱར་ནས་དོན་ཚན་ཉེར་བཞིའི་ལམ་ནས་བྲིས་ཡོད་པ་རེད།།