བོད་རིགས་སློབ་གྲྭ་ཐོན་མཁན་ཚོར་དཀའ་ངལ་ཡོང་མི་སྲིད།
2011.12.31
གཞུང་འབྲེལ་ཤིན་ཧའ་གསར་འགྱུར་རྒྱུད་ལམ་གྱིས་ལུང་དྲེན་བྱས་ནས་གནས་ཚུལ་སྤེལ་འདུག
རྒྱ་ནག་ནང་སློབ་གྲྭ་ཆེན་མོ་ཁག་ནས་ཐོན་པའི་སློབ་ཕྲུག་ལས་ཀ་མེད་མཁན་གྱི་གྲངས་འབོར་མང་པོ་ཡོད་པ་དང་། ཕྱི་ལོ་ཉིས་སྟོང་དྲུག་ནས་བཅུ་བར་ཆ་སྙོམས་རྒྱ་ཆ་༨༤ཙམ་ཟིན་གྱི་ཡོད་ཅིང་ ད་ལོ་ནས་བཟུང་ས་གནས་གཞུང་གིས་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་ཕྲུག་ཚོ་སྒེར་གྱི་ཚོང་ལས་ཁང་ཁག་ནང་ཉུང་ཐར་ཡང་ལོ་ལྔ་ཙམ་རིང་ལས་ཀ་བྱེད་པར་བསྐྱོད་རྒྱུར་སྐུལ་སྤེལ་བྱས་ནས་ཁོང་ཚོར་སློབ་གྲྭ་ཆེན་མོར་འགྲོ་བའི་རིང་དཔལ་འབྱོར་རོགས་རམ་དང་། དེ་བཞིན་སློབ་ཡོན་མ་དངུལ་སྔ་གཡར་གཏོང་རྒྱུ་སོགས་ཀྱི་ཐབས་ལམ་འཛིན་ནས། སློབ་གྲྭ་ཆེན་མོ་ནས་ཐོན་པའི་རྗེས་ ལས་ཀ་ཐོབ་དཀའ་བའི་གནས་སྟངས་དེ་སེལ་ཐབས་ཀྱི་ཐབས་ལམ་འཛིན་གྱི་ཡོད་ལུགས་ས་གནས་དཔོན་རིགས་ནས་བརྗོད་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ནང་སློབ་གྲྭ་ཆེན་མོ་དང་ཐོ་རིམ་སློབ་གྲྭ་ཁྱོན་ཁག་དྲུག་ཙམ་ཡོད་པ་དང་། དེ་དག་ནས་ཐོན་པའི་སློབ་ཕྲུག་མང་ཆེ་བ་བོད་རིགས་ཡིན་ཞིང་། འདས་པའི་ལོ་མང་ནང་སློབ་གྲྭ་ཁག་ནས་ཐོན་པའི་བོད་རིགས་སློབ་ཕྲུག་དེ་དག་གཞུང་གི་ལས་ཁུང་ཁག་ནང་ལས་ཀ་བྱེད་པར་བསྐྱོད་པའམ་ཡང་ན་ལས་མེད་དུ་འདོད་པ་ལས་ སྒེར་གྱི་ཚོང་དོན་ཁང་སོགས་ནང་ལས་ཀ་བྱེད་པར་བསྐྱོད་མཁན་གྱི་གྲངས་འབོར་མང་པོ་མེད་པར་བརྟེན་ནས། སློབ་གྲྭ་ཐོན་པའི་སློབ་ཕྲུག་ལས་ཀ་མེད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་ལུགས་བརྗོད་འདུག།