༸གོང་ས་མཆོག་ཨོ་སི་ཀྲོ་ལི་ཡར་ཆིབས་བསྒྱུར་བསྐྱངས་འཆར།

ད་ལྟའི་ཆར་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་མིན་ཐག་གཅོད་བྱུང་མེད་པ་གསུངས་འདུག

2008-06-06
Share

༄༅༎བོད་ཀྱི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲོ་ལི་ཡར་གཟའ་འཁོར་རྗེས་མའི་གཟའ་ལྷག་པ་ནས་བཟུང་དུས་ཡུན་ཉིན་གྲངས་ལྔའི་རིང་ཨོ་སི་ཀྲོ་ལི་ཡའི་ནང་ཆིབས་བསྒྱུར་བསྐྱངས་འཆར་ཡོད་པ་དང་། དེའི་རིང་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་དང་མཇལ་འཕྲད་གནང་ཐུབ་མིན་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་གྱི་མཛད་འཆར་ཁག་ལ་གཞི་བཞག་ནས་དུས་ཚོད་ཡོད་མིན་གཟིགས་དགོས་ཀྱི་ཡོད་པར་བརྟེན་ ད་ལྟའི་ཆར་༸གོང་ས་མཆོག་དང་མཇལ་འཕྲད་གནང་མིན་ཐག་གཅོད་བྱུང་མེད་པ་ཨོ་སི་ཀྲོ་ལི་ཡའི་ཕྱི་སྲིད་ལས་ཁང་གི་དཔོན་རིགས་ནས་གཟའ་ཕུར་བུའི་ཉིན་འགྲེལ་བརྗོད་གནང་བཞག ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ ཀེ་ཝིན་ར་ཌེ་ མཆོག་གཟའ་འཁོར་འདིའི་གཟའ་མཇུག་ཏུ་ཉི་ཧོང་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་དང་། ཚེས་༡༥ཉིན་ཨོ་སི་ཀྲོ་ལི་ཡར་ཕྱིར་ལོག་ཕེབས་ཀྱི་ཡོད་ཅིང་། དེའི་ཉིན་༸གོང་ས་མཆོག་ཨོསི་ཀྲོ་ལི་ཡའི་ནང་གི་མཛད་འཆར་ཉིན་མཐའ་མ་དེ་འཁེལ་གྱི་ཡོད་འདུག ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ར་ཌེ་མཆོག་ནས་ན་ནིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། ཡིན་ནའི་སྐབས་དེ་དུས་ཁོང་ཕྱོགས་འགལ་ཚོགས་པའི་དབུ་འཁྲིད་ཡིན་ཞིང༌། ཁོང་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་སྲིད་བློན་དུ་འོས་འདེམས་བྱུང་བའི་རྗེས་། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་གསུང་བཤད་ཅིག་གནང་བའི་སྐབས་། རྒྱ་ནག་གཞུང་གིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་གྲོས་མོལ་གནང་ནས་ཞི་བའི་ཐབས་ལམ་གྱི་ཐོག་ནས་དཀའ་རྙོག་སེལ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་། དེའི་ཐོག་རྒྱ་ནག་གཞུང་གིས་བསྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད་། ཨོ་སི་ཀྲོ་ལི་ཡ་དེ་བཞིན་རྒྱ་ནག་གི་ཚོང་དོན་འབྲེལ་ལམ་ཤུགས་ཆེ་ཤོས་ཀྱི་ཕྱི་རྒྱལ་ཡུལ་གྲུ་ཞིག་ཡིན་པ་རེད་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།