བོད་ཀྱི་གནད་དོན་རྒྱ་གར་དང་འབྲེལ་ནས་བགྲོ་གླེང་གནང་འདུག


2016.11.15
ལྡི་ལིར་བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གྱི་གལ་གནད་ཆེན་པོ་ཡིན་པའི་སྐོར་ལ་བགྲོ་གླེང་། ༢༠༡༦།༡༡།༡༡ ལྡི་ལིར་བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གྱི་གལ་གནད་ཆེན་པོ་ཡིན་པའི་སྐོར་ལ་བགྲོ་གླེང་། ༢༠༡༦།༡༡།༡༡
tibet.net

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་ཚོགས་བྱས་པའི་བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གྱི་གལ་གནད་ཆེན་པོ་ཡིན་པའི་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅར་ཡ་ཡེ་ཤེས་ཕུན་ཚོགས་མཆོག་གིས། བོད་ཀྱི་གནད་དོན་འདི་བཞིན་རྒྱ་གར་གྱི་ཕྱི་སྲིད་དང་བདེ་འཇགས་གཉིས་ཀའི་ཐད་ནས་གནད་འགག་ཇི་ཆགས་སྐོར་གཏམ་བཤད་གནང་འདུག
དེ་ཡང་ཚེས་༡༤་ཉིན། བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཉེ་ལམ་ཕྱི་ཚེས་༡༡་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་གིས་ཟུང་འབྲེལ་གོ་བསྒྲིགས་འོག་བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གྱི་གལ་གནད་ཆེན་པོ་ཡིན་པའི་སྐོར་ཞེས་མཁས་པའི་བགྲོ་གླེང་ལྷན་ཚོགས་གནང་ཡོད་འདུག བགྲོ་གླེང་འདིའི་ཐོག་རྒྱ་གར་གྱི་ནེཧེ་རུ་གཙུག་ལག་སློབ་གྲྭའི་སློབ་དཔོན་Shrikanth Kondapali་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ བོད་ནང་འཛུགས་སྐྲུན་སོགས་ཡར་རྒྱས་གཏོང་གི་ཡོད་པ་ཕྱིར་བསྒྲགས་བྱས་ཀྱང་དོན་དངོས་ཐོག་ནས་བོད་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་ལ་ཕན་པ་ལས་གནོད་འཚེ་ཆེ་བ་བྱུང་སྟེ་ འཛམ་གླིང་སྤྱི་ཡི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་བའི་དཀའ་ངལ་འཕྲད་བཞིན་པ་གསལ་འདོན་གནང་འདུག  
ཡང་དེ་སྔ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་སློབ་སྟོན་པ་གནང་མྱོང་ཡོད་པ་སྐུ་ཞབས་J.M.Mukhi་ལགས་ཀྱིས། འགྲོ་བ་མིའི་རང་དབང་ནི་རང་བཞིན་ལྷན་སྐྱེས་ཀྱིས་རང་དབང་ཞིག་ཡིན་ཀྱང་བོད་ལ་རྒྱ་ནག་གིས་བཙན་འཛུལ་བྱས་པ་ནས་བཟུང་བོད་མིའི་འགྲོ་བ་མི་ཡི་ཐོབ་ཐང་འཕྲོག་ཡོད་པ་མ་ཟད། བོད་མི་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ནའང་ཁྲིམས་འགལ་བརྩི་བ་སོགས་ཀྱི་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་པའི་གནས་ལུགས་དང་འབྲེལ་རྒྱ་གར་གཞུང་ནས་བོད་མི་ཚོ་གཅེན་གཅུང་ཡིན་པའི་འདུ་ཤེས་བཅངས་ནས་རོགས་ཕན་གང་ཡོང་གནང་དགོས་པའི་འབོད་སྐུལ་གནང་བཞག
ཡང་༧གོང་ས་ཏྭ་ལའི་བླ་མའི་ཀུན་ཕན་དགེ་རྩའི་སྐུ་ཞབས་Rajiv Mehrotraལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་རིགས་ཕན་ཚུན་མཐུན་སྒྲིལ་དང་། བྱམས་པ། སྙིང་རྗེ། ཡ་རབས་སྤྱོད་བཟང་བཅས་ཀྱི་བཀའ་སློབ་ལམ་སྟོན་གྱི་གནད་འགག་སྐོར་ངོ་སྤྲོད་གནང་འདུག
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། བོད་མིའི་གནས་བབ་ཅེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་སྟེ་ལོ་རྒྱུས་ཐོག་བོད་རྒྱལ་ཁབ་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་དང་། རང་དབང་རང་བཙན་ཁུངས་ལྡན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་གསུངས་འདུག  
མཐའ་དོན་སྤྱི་འཐུས་ཚོགས་གཞོན་མཆོག་གིས་མ་འོངས་པར་རྒྱ་དཀར་ནག་གཉིས་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་སྐབས་རྒྱ་གར་གྱི་མཁས་དབང་ཚོའི་ངོས་ནས་རྒྱ་གར་གཞུང་ལ་དོན་དངོས་བོད་ཀྱི་གནད་དོན་གལ་འགངས་ཆེ་ཆུང་གི་བསམ་ཚུལ་འབུལ་གནང་ཡོང་བའི་རེ་སྐུལ་ཞུས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎