འཛམ་གླིང་གི་ཕྲུག་གུའི་བདེ་དོན་གཉེར་ཕྱོགས་སྐོར་གྱི་ལྷན་ཚོགས།

2016-12-10
གློག་འཕྲིན།
མཆན།
Share
པར་བཀོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་གི་ཕྲུག་གུའི་བདེ་དོན་གཉེར་ཕྱོགས་སྐོར་གྱི་ལྷན་ཚོགས་སུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་བ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་གི་ཕྲུག་གུའི་བདེ་དོན་གཉེར་ཕྱོགས་སྐོར་གྱི་ལྷན་ཚོགས་སུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་བ།
དཔལ་ལྡན་སྐུ་སྒེར་དྲ་གནས།

༄༅། །འཛམ་གླིང་གི་ཕྲུག་གུའི་བདེ་དོན་གཉེར་ཕྱོགས་སྐོར་གྱི་ལྷན་ཚོགས་སུ་བོད་མའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་།  རྒྱ་གར་གྱི་སྲིད་འཛིན་པྲ་ནཔ་ མུ་ཁར་ཇིའི་(Pranab Mukherjee)མཆོག    གཞན་ཡང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཀའེ་ལཤ་ སཱཏ་ཡར་ཐི(Kailash Satyarthi)དང་།
ཧོ་སེ་ ར་མོས་ ཧོར་ཏཱ(Jose Ramos Horta)ལ་སོགས་པའི་གྲགས་ཅན་མི་སྣ་མང་དག་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་རཤ་ཏྲ་པྰ་ཏི་ བྷ་ཝན(Rashtrapati Bhawan)དུ་ལྷན་བཞུགས་གནང་འདུག    
དེ་ཡང་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་གིས་གསུངས་པ་དང། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པར་གཞིགས་ན།    ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ ཀའེ་ལཤ་ སཱཏ་ཡར་ཐི (Kailash Satyarthi) ཡིས་དབུ་བརྙེས་པའི་བྱིས་པའི་ལྟ་སྐྱོང་ཐེབས་རྩ་ཁང་གིས་ལྷན་ཚོགས་གོ་སྒྲིག་གནང་བ་དང་།    རྒྱ་གར་གྱི་སྲིད་འཛིན་ པྲ་ནཔ་ མུ་ཁར་ཇིའི་(Pranab Mukherjee) མཆོག་གིས་གཙོ་བོའི་གསུང་བཤད་གནང་ཡོད་པ་རེད།    ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྲུག་གུ་རྣམས་ལ་བཟང་པོའི་སྤྱོད་པ་གཤིས་རྒྱུད་ལ་འཇགས་པར་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་ཐབས་དང་།    དྲག་སྤྱོད་ཀྱི་གདུག་རྩུབ་ལ་སྐྱོབ་ཐབས་བྱ་རྒྱུ་བཅས་ཡིན་པ་རེད།    ལྷན་ཚོགས་ཀྱི་བརྗོད་གཞི་ཁག་ནི།    ཕྲུག་གུའི་རང་དབང་དང།    ཕྲུག་གུའི་ལུས་ཀྱི་འཕྲོད་བསྟེན་དང་ནང་སེམས་ཀྱི་ཡོན་ཏན་གྱི་ཆ་རྐྱེན་བསྐྲུན་ཏེ་མི་ཚེ་བཟང་པོ་འབྱུང་ཐབས།    ཕྲུག་གུའི་མ་འོངས་མདུན་ལམ་བཟང་དུ་གཏོང་བ་དང་དེའི་གྲུབ་འབྲས་གོང་ནས་གོང་འཕེལ་འབྱུང་ཐབས་སོགས་མདོ་དོན་ཕྲུག་གུའི་བདེ་དོན་གཉེར་ཕྱོགས་ཀྱི་ཐབས་ལམ་སྐོར་བཀའ་བསྡུར་གནང་ཡོད་པ་རེད།    བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་འབྱུང་ཐབས་སུ་འབད་བརྩོན་གནང་དགོས་པའི་བཀའ་སློབ་གནང་བ་དང་།    ཡང་ཕྲུག་གུར་ཟས་གོས་གནས་མལ་གྱི་མཐུན་རྐྱེན་སྦྱོར་བ་གང་ལེགས་ཡིན་ཡང་གཙོ་བོ་ནང་བསམ་བློའི་རིན་ཐང་དང་།    ཆུ་ཚད་གོང་འཕེལ་གཏོང་རྒྱུ་གལ་གནད་ཤིན་ཏུ་ཆེན་པོ་ཡིན་པར་བཀའ་གནང་འདུག
ཕྲུག་གུ་རྣམས་ནི་དུས་རབས་༢༡་པའི་མི་རབས་ཡིན་ཞིང་།    དེང་རབས་ཀྱི་ཤེས་ཡོན་ཐོག་ནང་སེམས་སྦྱོང་བའི་བསླབ་པ་སློབ་གཉེར་ཡང་དགོས་གལ་ཆེ་བ་ཡིན་ཞེས་དང་། གཞི་རིམ་གྱི་ཐོག་ནས་ཕྲུག་གུ་རྣམས་ཆོས་དང་རིགས་རུས་སོགས་ཀྱི་དབྱེ་བ་མེད་པའི་རང་གཞིན་བཟང་པོ་ཡོད་ཀྱང་འཚར་ལོངས་སྐབས་ང་དང་གཞན་གྱི་དབྱེ་བའི་བསམ་བློ་ཤུགས་ཆེ་རུ་ཕྱིན་ཏེ་འགྲོ་བ་མིའི་རིགས་གཅིག་འགྱུར་གྱི་བསམ་བློ་འདོར་གྱི་ཡོད་པས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་བློ་རྟག་ཏུ་གཅེས་པར་འཛིན་དགོས་པའི་བཀའ་སློབ་ཟབ་མོ་གནང་འདུག    ཕྱི་ཚེས་༡༡་ཉིན་༧གོང་ས་མཆོག་དང་།    རྒྱ་གར་གྱི་སྲིད་འཛིན།    ནོ་སྦེལ་ཞི་བའི་གཟེངས་རྟགས་བཞེས་མཁན་དང་།    གཞན་གྲགས་ཅན་མི་སྣ་མང་དག་གིས་ས་ཡ་བརྒྱ་ཡི་ཆེད་དུ་ས་ཡ་བརྒྱ་ཡིས་ལས་འགུལ་ཞེས་པ་ཕྲུག་གུ་ཉམ་ཐག་ས་ཡ་བརྒྱའི་བདེ་དེན་ཆེད་གཞན་ཕྲུག་གུ་ས་ཡ་བརྒྱ་ཡིས་ལས་འགུལ་སྤེལ་ཏེ་ཕྲུག་གུར་ངལ་རྩོལ་སྐུལ་བ་དང་།    དྲག་སྤྱོད། བྲན་གཡོག་སོགས་ཀྱི་ངལ་བ་ལས་གྲོལ་ཏེ་རང་དབང་དང་།བདེ་འཇགས།    ཤེས་ཡོན་སོགས་ཀྱི་མཐུན་རྐྱེན་འབྱུང་འགྱུར་གྱི་ལོ་ལྔའི་ནང་བསྐྲུན་ཐབས་བྱ་རྒྱུ་ཡིན་པ་རེད།།

གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།