དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞིར་ཉིན་གྲངས་དྲུག་རིང་འདྲི་རྩད་བྱེད་འགོ་ཚུགས་འདུག

དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་གི་རོ་ཡེལ་མན་ཊི་(Royal Mint)་ཞེས་པའི་ས་གནས་སུ་རྒྱ་ནག་གཞུང་གིས་གཞུང་ཚབ་ལས་ཁང་ཆེན་པོ་ཞིག་གསར་རྒྱག་བྱེད་འཆར་ལ་བོད་མི་དང་ཡུ་གུར་བ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ། ཐེ་ཝན། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་མི་གྲངས་༤༠༠༠་ལྷག་གིས་འདས་མ་ཐག་པའི་རེས་གཟའ་སྤེན་པ་སྟེ་འདི་ཟླའི་ཚེས་༨་ཉིན་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་རེད།
གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་དེ་གོ་སྒྲིག་ཞུ་མཁན་ཚོགས་པ་ཁག་གིས་སྐབས་དེར་མི་གྲངས་༢༠༠༠་ཙམ་མཉམ་ཞུགས་གནང་བའི་ཚོད་དཔག་གནང་བ་ལས་ལྷག་པའི་མི་མང་པོ་ཆེད་ཕེབས་གནང་སྟབས། དེ་ནི་ས་གནས་དེར་རྒྱ་ནག་གི་གཞུང་ཚབ་ལས་ཁང་ཆེན་པོ་ཞིག་གསར་རྒྱག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཆེ་ཤོས་དེ་ཡིན་སྐོར་བོད་གཙོས་པའི་མནར་གཅོད་ཕོག་མཁན་གྲངས་ཉུང་མི་རིགས་ཆེད་རྒྱལ་སྤྱིའི་གནའ་འབྲེལ་མཐུན་ཚོགས་ཀྱི་འགན་འཛིན་ཚེ་རིང་པ་སངས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་སྐབས་དེར་དབྱིན་ཡུལ་གཞུང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་བསམ་བློ་བཏང་སྟེ་མང་གཙོའི་ལམ་ལུགས་སྲུང་སྐྱོབ་དགོས་པ་དང་། རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་བཞིན་པར་ཡང་ངོ་རྒོལ་སྐྱོན་བརྗོད་ཀྱི་འབོད་ཚིགས་སོགས་བསྒྲགས་གནང་འདུག
ད་ལྟའི་ཆར་གོང་ཞུས་གནད་དོན་ཐད་དབྱིན་ཡུལ་གཞུང་ཕྱོགས་ནས་ཁ་གསལ་ཐག་གཅོད་གནང་མེད་ན་ཡང་ཕྱི་ཚེས་༡༡་ནས་ཉིན་གྲངས་དྲུག་རིང་དེའི་ཐོག་འདྲི་རྩད་ཀྱི་ལས་རིམ་ཞིག་འགོ་འཛུགས་གནང་ཡོད་པ་དང་། མཐའ་མའི་ཐག་གཅོད་བྱེད་དབང་དེ་ནི་དབྱིན་ཡུལ་གྱི་སྲིད་བློན་གཞོན་པ་དང་སྡོད་ཁང་གི་དྲུང་ཆེ་གཅིག་ལྕོགས་ཡིན་པ་ལྕམ་ཨན་ཇི་ལ་རེད་ནེར་(Angela Rayner)་ལགས་ལ་ཡོད་འདུག
གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་དེའི་ནང་དབྱིན་ཡུལ་གྱི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་བྷེལར་མེག་ཌུ་གལ་(Blair McDougall)་ལགས་དང་། ཕྱོགས་འགལ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་གྲགས་ཅན་ཨི་ཡན་ཌན་ཀན་སི་མི་ཐི (Iain Duncan Smith)་ལགས། གྲོས་ཚོགས་འཐུས་མི་ཊོམ་ཊུ་གེན་དྷཊ (Tom Tugendhat)་ལགས་དང་རོ་བྷར་ཊི་ཇེན་རིག་(Robert Jenrick)་ལགས་བཅས་མཉམ་ཞུགས་གནང་འདུག
སྐབས་དེར ཕྱོགས་འགལ་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་ཊོམ་ཊུ་གེན་དྷཊ་(Tom Tugendhat)་ལགས་ཀྱིས་གསུངས་དོན། ཁོང་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་སྐོར་འདས་པའི་ལོ་༡༠་ཕྲག་གཅིག་ལྷག་ཙམ་རིང་གསུངས་ནས་ངོ་རྒོལ་གནང་བཞིན་ཡོད་ལ། ད་དུང་ངོ་རྒོལ་མུ་མཐུད་གནང་རྒྱུ་ཡིན་སྐོར་དང་། དེའི་རྒྱུ་མཚན་ནི་ང་རང་ཚོས་རང་ཉིད་ཀྱི་རང་དབང་ཐོབ་ཐང་ཙམ་མ་ཟད། མཐུན་ཕྱོགས་རྒྱལ་ཁབ་ཁག་གི་མི་མང་གི་རང་དབང་ཐོབ་ཐང་ཡང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཡིན་པ་དང་། དེ་ནི་ང་རང་ཚོའི་ཆེད་དང་དབྱིན་ཡུལ་གྱི་ཆེད་དུ་ཡིན་པ། རྒྱ་ནག་དམར་པོའི་གཞུང་གིས་དབྱིན་ཡུལ་ནང་ལ་ཡང་དྲག་གནོན་བྱེད་བཞིན་པ་ང་ཚོས་གྲོང་ཁྱེར་མན་ཅེ་སི་ཀྲར་གྱི་རྒྱ་ནག་དོན་གཅོད་ཁང་གྱི་ཕྱི་ལ་རྒོལ་རྡུང་བཏང་བ་དང་རྒུ་གླ་སི་གོ་ (Glassgow)་ནང་གསང་བའི་སྒོ་ནས་རྒྱ་ནག་གི་ཉེན་རྟོགས་ལས་ཁུངས་གསར་འཛུགས་བྱས་པ་མཐོང་ཡོད་པ་མ་ཟད། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སོགས་ལ་ཉེན་བརྡའི་སྡིག་ར་སོགས་བཏང་སྟེ་ཁ་བཙུམ་བཅུག་པ་སོགས་མཐོང་ཡོད་པས་ན། དེ་ནི་ཕྱིའི་རྒྱལ་ཁབ་ཁག་ལ་བྱུང་བ་ཞིག་མ་ཡིན་པར་དབྱིན་ཡུལ་ནང་བྱུང་ཡོད་སྐོར་སོགས་གསུངས་འདུག

ད་རེས་གཞི་རྒྱ་ཆེ་བའི་ལས་འགུལ་དེ་སྤེལ་དགོས་དོན་གཙོ་བོ་ནི་དེ་སྔོན་རྒྱ་ནག་གཞུང་གིས་ས་གནས་དེར་རྒྱ་ནག་གི་གཞུང་ཚབ་གསར་པ་རྒྱག་རྒྱུའི་སྙན་ཞུ་ཕུལ་དུས་རྙིང་ཞེན་ཚོགས་པས་དབྱིན་ཡུལ་གྱི་གཞུང་འཛིན་གནང་སྐབས་ཡིན་པ་དང་། (Tower Hamlets)་གྲོང་སྡེ་ལྷན་ཚོགས་ཀྱིས་འཐུས་མི་རྣམས་ཀྱིས་དགག་པ་ཐེངས་གཉིས་ཙམ་གནང་ན་ཡང་ད་ཆ་ངལ་རྩོལ་ཚོགས་པའི་གཞུང་འཛིན་གསར་པའི་སྐབས་འདིར་གྲོང་སྡེ་ལྷན་ཁང་དང་ས་གནས་ཉེན་རྟོག་ཁང་གཉིས་ཀས་དགག་བྱ་ཕྱིར་འཐེན་བྱས་པ་མ་ཟད། འདི་ལོའི་ཕྱི་ཟླ་དང་པོའི་ནང་དབྱིན་ཡུལ་གྱི་ནོར་སྲིད་བློན་ཆེན་རེ་ཆེལ་རི་ཝེ་སི་(Rachel Reeves)་རྒྱ་ནག་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ལ་ཕེབས་པའི་རྗེས་སུ་དབྱིན་ཡུལ་གྱི་ནང་སྲིད་བློན་ཆེན་ཨི་ཝེ་ཊི་ཁུ་པར་(Yvette Cooper)་ལགས་དང་ཕྱི་སྲིད་བློན་ཆེན་ཌེ་ཝིཌ་ལེ་མི་(David Lammyr)་རྣམ་གཉིས་ནས་རྒྱ་ནག་དང་འབྲེལ་ལམ་དུ་གཏོང་ཆེད་ལ་བསྙད་ནས་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པར་བརྟེན་ནས་ཡིན་འདུག
ཡང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དབྱིན་ཡུལ་ནང་བལྟ་སྐོར་ལ་བསྐྱོད་སྐབས་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཌེ་ཝིཌ་ལེ་མི་(David Lammy)་ལགས་དང་མཇལ་འཕྲད་སྐབས་རྒྱ་ནག་གི་གཞུང་ཚབ་གསར་རྒྱག་བྱེད་འཆར་ཐད་གླེང་འཆར་ཡོད་འདུག རྒྱ་ནག་ལྟ་བུའི་སྒེར་གཅོད་དབང་འཛིན་གྱི་ལམ་ལུགས་འོག་མི་མང་གི་ངོ་རྒོལ་རྔམ་སྟོན་སོགས་ཀྱི་ཐོག་དྲག་གནོན་བྱེད་ཀྱི་ཡོད་རུང་། དབྱིན་ཡུལ་ལྟ་བུའི་རང་དབང་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཁག་གིས་མི་མང་གི་བསམ་ཚུལ་ལ་གུས་བརྩི་དང་ཆེ་མཐོང་ཆེན་པོ་ཞུ་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་དབྱིན་ཡུལ་ལ་གནོན་ཤུགས་སྤྲད་ན་ཡང་ད་རེས་མི་མང་ཕོན་ཆེ་འཛོམས་ནས་ངོ་རྒོལ་བྱས་པ་དེས་དབྱིན་ཡུལ་གཞུང་གིས་གོང་ཞུས་ས་གནས་ལ་རྒྱ་ནག་གཞུང་ཚབ་ཁང་གསར་པ་རྒྱག་ཆོག་མིན་ཐད་འགྱུར་བ་གཏོང་སྲིད་པ་ངོ་རྒོལ་ལས་འགུལ་བ་ཚོས་རེ་བ་བྱེད་བཞིན་པ་དང་། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་སྐུ་ཞབས་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་ཀྱི་ངོ་རྒོལ་ལས་འགུལ་དེ་ཚོགས་སྡེ་འདྲ་མིན་གྱི་རང་དབང་ལས་འགུལ་བ་ཙམ་མིན་པར་ས་གནས་ཡུལ་མི་དང་། དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་སོགས་མཉམ་ཞུགས་ཡོད་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་ཞིག་ཡིན་དུས་དབྱིན་ཡུལ་གཞུང་གིས་རྒྱ་ནག་གཞུང་ཚབ་ཁང་ཁུལ་དེར་རྒྱག་ཆོག་མིན་གྱི་ཐག་གཅོད་ལ་འགྱུར་བ་གཏོང་བའི་རེ་བ་དང་བཅས་མུ་མཐུད་དུ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་གསུངས་བྱུང་།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།