རྒྱ་ནག་གིས་ཨ་མི་རི་ཀའི་མཉམ་འབྲེལ་བ་བཟང་དུ་འགྲོ་རྒྱུའི་རེ་བ་ཡོད་ལུགས་བརྗོད་འདུག
རྒྱ་ནག་གི་གཞུང་འབྲེལ་ཤིན་ཧ་གཙོས་པས་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ལ་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡིས་བརྗོད་པའི་གནད་དོན་ཁག་ཅིག་Hindustan Times གསར་ཤོག་ནང་ལུང་འདྲེན་བྱེད་པར་ལྟར་ན་། ཕྱི་སྲིད་བློན་ཆེན་ཝང་ཡིས་། འདས་པའི་དུས་ཡུན་གང་འཚམས་ཞིག་རིང་ཨ་རིའི་ངོས་ནས་རྒྱ་ནག་གི་ཐོག་འཛིན་པའི་སྲིད་བྱུས་ཀྱི་རྐྱེན་པས་ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་ཐེབས་ཏེ་རྒྱ་ནག་དང་ཨ་མི་རི་ཀའི་དབར་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་རེད། ཨ་རིའི་ནང་མི་ཁག་ཅིག་གིས་རྒྱ་ནག་ཡར་རྒྱས་འགྲོ་བཞིན་པ་དེར་དྭོགས་གཞིའི་ངོ་བོའི་ཐོག་ནས་བལྟ་ཕྱོགས་འཛིན་གྱི་ཡོད་པ་ནི་ནོར་འཁྲུལ་རེད། རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་གཞན་གྱི་ཡར་རྒྱས་ལ་བལྟས་པས་རང་ཉིད་གོམས་པ་མདུན་སྤོས་བྱེད་རྒྱུའི་བསམ་བློ་གཏོང་དགོས་པ་ལས་དེ་དག་གི་ཐོག་འགོག་རྐྱེན་བཟོ་བའི་བྱ་སྤྱོད་སྤེལ་རྒྱུ་ཡོད་མ་རེད་ཅེས་ཨ་རིའི་ནང་ཆབ་སྲིད་མི་སྣ་འགའ་ཤས་ཀྱིས་ཀོ་ཝིདྲ་༡༩ འམ་ཏོག་དབྱིབས་ནད་ཡམས་འདི་བཞིན་ཁྱབ་གདལ་བྱུང་བའི་སྐབས་ཕྱི་གསལ་ནང་གསལ་བཟོས་མེད་ལུགས་ཉེས་འཛུགས་བྱེད་ཀྱི་ཡོད་རེད། ཡིན་ནའང་ང་ཚོ་རྒྱ་ནག་གི་ཕྱོགས་ནས་སྔོན་ཚུད་ནས་བརྡ་ལན་གསལ་པོ་སྤྲད་དེ་གདོང་ལེན་བྱས་ཐུབ་ཡོད་རེད་ལ་ད་ཆ་ཞིབ་འཇུག་བྱེད་པ་བརྒྱུད་ནད་ཡམས་འདི་བཞིན་རྒྱལ་ཁབ་གཞན་ཁག་ཅིག་ལའང་དུས་མཉམ་ཁྱབ་གདལ་བྱུང་ཡོད་པ་ཤེས་རྟོག་ཡོང་གི་ཡོད་རེད།གང་ལྟར་རྒྱ་ནག་གི་ངོས་ནས་ཨ་རིའི་མཉམ་འབྲེལ་བ་བཟང་དུ་ཡོང་ཐབས་བྱེད་རྒྱུ་དེ་ནི་ཕྱོགས་གཉིས་ཀའི་ཁེ་ཕན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ་དེར་གཞིགས་པས་འདས་པའི་དུས་ཡུན་དང་མི་འདྲ་བར་ད་ཆ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་བཟང་དུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག འོན་ཀྱང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡིས་། དམིགས་བསལ་བདམས་ཐོན་བྱུང་བའི་སྲིད་འཛིན་འཇོ་བྷ་ཡེ་དྲན་མཆོག་དང་ཡང་ན་ད་ལྟའི་སྲིད་འཛིན་དྲོ་ནལདྲ་ཀྲརམ་རྣམ་གཉིས་ཀྱི་མཚན་དངོས་སུ་བཏོན་མེད་པ་རེད།ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས་བཀོད་པར་ལྟར་ན། རྒྱ་ནག་གི་ངོས་ནས་བདམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་བྷ་ཡེ་དྲན་མཆོག་གི་གཞུང་འཛིན་པའི་སྐབས་འབྲེལ་བ་བཟང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཀྱང་། ཁོང་གིས་དེ་སྔའི་གཏམ་བཤད་ཁག་གི་ནང་རྒྱ་ནག་གི་ཚོང་འབྲེལ་བྱེད་ཕྱོགས་སོགས་ལ་སྐྱོན་བརྗོད་གནང་མྱོང་ཡོད་པ་རེད་ཅེས་བཀོད་འདུག།