རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་སྲིད་ཇུས་ནི་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ཚབས་ཆེན་ཡིན་པའི་ཆེད་རྩོམ་སྤེལ་འདུག

2024.08.13
རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་སྲིད་ཇུས་ནི་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ཚབས་ཆེན་ཡིན་པའི་ཆེད་རྩོམ་སྤེལ་འདུག ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་པདྨ་རྒྱལ་པོ་ལགས། ༼ཟླ་ཚེས་མི་གསལ
མཐུན་འགྱུར་པར་རིས། /Pema Gyalpo

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་༢༠༢༣་ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་པའི་ནང་། རྒྱ་ནག་གཞུང་གིས་བོད་དེ་བཞིན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་སྤེལ་ནས་བོད་དང་བོད་མི་རིགས་ཀྱི་ངོ་བོ་ནག་བསུབ་གཏོང་ཐབས་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་ཐེར་འདོན་བྱས་སྐོར་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་པདྨ་རྒྱལ་པོ་ལགས་ཀྱིས་ཆེད་རྩོམ་ཞིག་སྤེལ་གནང་འདུག
ཆེད་རྩོམ་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཕྱི་ལོ་༢༠༡༩་ནས་༢༠༢༣་བར་ལོ་ལྔ་ཅན་གྱི་ལས་འཆར་སྐོར་སྙན་ཐོ་འདོན་སྤེལ་གནང་བ་དེས། རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་དོན་དུ་བོད་བརྒྱུད་ནང་བསྟན་དེ་བཞིན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་འཆར་གཞི་ཡོད་པ་གསལ་སྟོན་གནང་བ་དང་། དེ་ནི་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་སྒོ་ནས་བོད་སྟངས་འཛིན་བྱ་རྒྱུའི་འཆར་གཞི་ཡིན་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་ལ་ཞེན་ཁོག་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པས་ན། བོད་མིའི་དད་གུས་ཡིད་ཆེས་ཀྱི་ཚབ་ལ་ཆབ་སྲིད་ཐོག་ནས་ལར་ཞེན་ཡོད་པ་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་དང་། ལས་དོན་དེའི་ནང་རྒྱ་ནག་གཞུང་འབྲེལ་གྱི་ནང་བསྟན་མཐུན་ཚོགས་ཟེར་བ་དེ་བརྒྱུད་རིམ་འདིའི་ཆ་ཤས་བཟོས་ཡོད་སྟབས། རྒྱ་ནག་གཞུང་གིས་ཆོས་ཕྱོགས་ཀྱི་སྡེ་ཚན་ཁག་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་ཆེད་བེད་སྤྱོད་བྱེད་བཞིན་ཡོད་པ་གསུངས་འདུག
དེ་ལས་ཉེན་ཚབས་ཆེ་བ་ཞིག་ནི། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་རྩ་ཆེའི་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་ནང་ཐེ་བྱུས་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་བསྐོ་འཇོག་ལ་སྟངས་འཛིན་དོ་དམ་བྱེད་མུས་ཡིན་པ་དང་། དེའི་ཁོངས་སུ་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་ཡང་ཚུད་ཡོད་པས་ན། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་བོད་མིའི་གཞི་རྩའི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་བཏང་བ་མ་ཟད། བོད་བརྒྱུད་ནང་བསྟན་སྟངས་འཛིན་དོ་དམ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད་ཅེས་བཀོད་གནང་འདུག
ད་དུང་ཆེད་རྩོམ་ནང་། རྒྱ་གཞུང་གིས་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་པ་དེས། བོད་ཀྱི་བླ་སྤྲུལ་རྣམས་ངེས་པར་དུ་བོད་ནང་སྐུ་འཁྲུངས་དགོས་པ་དང་། ཕྱི་ཕྱོགས་ཀྱི་ཚོགས་པ་དང་མི་སྒེར་པ་སུ་ཞིག་གིས་ཀྱང་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་ཐེ་བྱུས་བྱེད་དབང་མེད་པ་བཟོས་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་མཛད་རྒྱུ་སོགས་བརྒྱུད་རིམ་ནས་ཕྱིར་བཏོན་ཞུས་ནས། བོད་ནང་གི་བོད་མི་རྣམས་དང་བཙན་བྱོལ་ནང་གནས་བཞུགས་བོད་མིའི་བླ་ན་མེད་པའི་དབུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཉིས་བར་ཆོས་ཕྱོགས་ཀྱི་འབྲེལ་བ་མེད་པ་བཟོ་རྒྱུ་གོ་རིམ་ལྡན་པའི་ཐོག་ནས་འཆར་གཞི་འཐེན་བཞིན་ཡོད་སྐོར་བཀོད་འདུག
ཡང་བོད་ནང་གི་བོད་མི་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཡིད་ཆེས་རྩེ་གཅིག་ཏུ་ཞུ་དང་ཞུ་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་སྐུ་པར་གྱི་ཚབ་ལ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིན་དང་། མའོ་ཙེ་ཏུང་སོགས་ཀྱི་འདྲ་པར་ཁག་དགོན་པ་དང་ཁྱིམ་ཚང་ནང་སྒྲིག་བཤོམ་བྱེད་དུ་འཇུག་གི་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དེ་དག་གིས་རྒྱ་ནག་དམར་པོའི་གཞུང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་འཛམ་གླིང་གི་ས་གནས་གང་སར་ཁྱབ་བཞིན་པར་ཞེད་སྣང་སྐྱེས་ཀྱི་ཡོད་པ་མངོན་གསལ་ཡིན་པ་སོགས་ཆེད་རྩོམ་ནང་གསལ་སྟོན་བྱས་འདུག
པདྨ་རྒྱལ་པོ་ལགས་ནི་སྤྱི་ལོ་༡༩༥༣ ལོར་ཁམས་ཉག་རོང་དུ་འཁྲུངས་པ་དང་། སྤྱི་ལོ་༡༩༦༥ལོ་དགུང་ལོ་༡༣སྐབས་ནས་ཉི་ཧོང་དུ་ཕེབས་ཏེ་སློབ་གཉེར་དང་། ཉི་ཧོང་དོན་གཅོད་མི་ལོ་༡༥རིང་གནང་ཡོད་པ་མ་ཟད། ཉི་ཧོང་གི་གཙུག་ལག་སློབ་ཆེན་ཁག་ཏུ་དགེ་རྒན་ཆེན་མོ་དང་། རྒྱལ་ཡོངས་བརྙན་འཕྲིན་ཁག་ཏུ་ཆབ་སྲིད་དཔྱད་བརྗོད་པ་སོགས་གནང་གི་ཡོད་པ་རེད།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་བོད་ནང་བསྐྱོད་ཕྱོགས་ཐད་ལམ་སྟོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎