བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམ་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་དོན། འདི་ཟླའི་ཚེས་༡༥་ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་Rashad Hussain ལགས་དང་ལས་བྱེད་Alyx Hoge རྣམ་གཉིས་ལ་མཇལ་འཕྲད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་ལ་འགྱུར་བ་མེད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་མི་རིགས་ཀྱི་ངོ་བོ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་དྲག་གནོན་ཤུགས་ཆེ་བྱས་དང་བྱེད་བཞིན་པའི་རྐྱེན་གྱིས་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་དུ་ཛ་དྲག་ཏུ་འགྲོ་བཞིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་ཆེ་ཙམ་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
ཡང་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་Hussain ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་ཀྱིས་བོད་ནང་ཆོས་དད་རང་དབང་ཡོང་རྒྱུར་རྒྱབ་སྐྱོར་མུ་མཐུད་ནས་གནང་རྒྱུའི་ཁས་ལེན་གནང་བ་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་འདོད་ཀྱི་འདུན་པ་ཤུགས་ཆེ་ཡོད་སྐོར་སོགས་གསུངས་ཡོད་པ་འདི་ག་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་ཟུར་པ་Samuel Brownback མཆོག་ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༡༠་པའི་ནང་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ཞུས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་དང་མཇལ་འཕྲད་ཞུས་ཡོད་པ་རེད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་མཆོག་ནས་བོད་ནང་གི་ཆོས་དད་རང་དབང་ཆེད་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།
0:00 / 0:00