བོད་དོན་དམིགས་བསལ་འབྲེལ་མཐུད་པར་ཐུགས་རྗེ་ཆེ་ཞུས་འདུག


2017.01.13
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་Dr. Sarah Sewallམཆོག་དང་བོད་ཀྱི་དོན་གཅོད་སྤེན་པ་ཚེ་རིང་མཆོག་མཇལ་སྐབས། ༢༠༡༧།༡།༡༡ ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་Dr. Sarah Sewallམཆོག་དང་བོད་ཀྱི་དོན་གཅོད་སྤེན་པ་ཚེ་རིང་མཆོག་མཇལ་སྐབས། ༢༠༡༧།༡།༡༡
TODC

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཡུན་རྫོགས་མཚམས་སྐབས་སུ་ཨ་རིའི་རྒྱལ་སའི་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་གཙོས་པའི་བོད་མིའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ཀྱིས་ཐུགས་རྗེ་ཆེ་ལེགས་སྲོལ་ཞུས་གནང་འདུག
དེ་ཡང་ཕྱི་ཚེས་༡༡་ཉིན། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་Dr. Sarah Sewall མཆོག་གི་ལས་ཁུངས་སུ་མཛད་སྒོ་ཞིག་ཚོགས་པ་བརྒྱུད། ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་སྣེ་རྣམ་པ། རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་གཅིག་བཅས་མཛད་སྒོར་མཉམ་ཞུགས་གནང་འདུག
གནས་ཚུལ་ལྟར་ན། མཛད་སྒོའི་སྐབས་ཚོགས་བཅར་བ་ཚང་མས་ལྕམ་སྐུ་ས་ར་སི་ཝེལ་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས། ད་བར་ལྕམ་སྐུ་མཆོག་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོ་བོའི་ཐོག་ནས་བོད་དོན་དང་ལྷག་པར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་མ་ཟད།  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐེངས་འགའ་ཤས་མཇལ་འཕྲད་ཞུས་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་གར་རྡ་རམ་ས་ལར་ཡང་འཚམས་གཟིགས་གནང་བ་དང་། ལྷག་པར་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་དུས་སྟོན་ལ་རྟེན་འབྲེལ་གྱི་སྲུང་བརྩི་མཛད་སྒོ་ཚོགས་རྒྱུའི་ལམ་སྲོལ་གསར་གཏོད་གནང་བ་བཅས་ལ་བོད་མིའི་སྐུ་ཚབ་དང་རྒྱབ་སྐྱོར་བ་ཚོས་ཐུགས་རྗེ་ཆེ་ཞུས་འདུག
སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་ལྕམ་སྐུ་Sewell་མཆོག་ལ་སྟོན་པའི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་བ་དང་སྦྲགས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་འཚམས་འདྲིའི་གསུང་འཕྲིན་ཞིག་ཕུལ་བ་བརྒྱུད། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། ལྕམ་སྐུ་མཆོག་ཕྱི་ལོ་༢༠༡༧་ཟླ་༡་ཚེས་༢༠་ནས་བཟུང་ལས་མཚམས་འཇོག་རྒྱུ་ཡིན་ཡང་འབྱུང་འགྱུར་ལྕམ་སྐུ་མཆོག་ནས་བསླབ་བྱ་ལམ་སྟོན་ཐོབ་ཆེད་མུ་མཐུད་འབྲེལ་ལམ་དམ་འཛིན་ཞུ་རྒྱུ་ཡིན་སྐོར་ཞུས་འདུག
ཨ་རིའི་ནང་སྲིད་འཛིན་གསར་པས་ལས་འཁུར་ཞུས་པའི་སྐབས་སྲིད་འཛིན་སྔོན་མས་བསྐོ་བཞག་བྱས་པའི་གཞུང་འཛིན་ལས་བྱེད་༢༠༠༠་ལྷག་ལས་གནས་ནས་འཕོ་འགྱུར་འགྲོ་ཡི་ཡོད་པའི་ཁོངས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པའང་འཕོ་འགྱུར་འགྲོ་ཡོད་པ་དང་། ལྕམ་Sarah Sewell་ལས་གནས་འཕོ་འགྱུར་སོང་རྗེས་བོད་དོན་འབྲེལ་མཐུད་པ་གསར་པ་སུ་བསྐོ་བཞག་གནང་མིན་དེ་འོས་འདེམས་བྱུང་བའི་སྲིད་འཛིན་གསར་པ་Donald Trump ལ་རག་ལུས་ཡོད་པ་རེད༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎