རང་ལུས་མེར་བསྲེཊ་བཏང་མཁན་འཇིཊ་མེད་བསྟན་འཛིན་རེད།
2014.03.24
ཉིན་ཤས་གོང་ཨ་མདོ་རྨ་ལྷོ་རྩེ་ཁོག་ནས་རང་ལུས་མེར་བསྲེགས་བཏང་མཁན་འཇིགས་མེད་བསྟན་འཛིན་ལགས་ཡིན་འདུག
དེ་ཡང་སྤྱི་ཟླ་༣་པའི་ཚེས་བཅུ་དྲུག་ཉིན་ཨ་མདོ་རྨ་ལྷོ་རྩེ་ཁོག་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ལ་འབྱོར་བ་ལྟར་། afp་གསར་ལས་ཁང་དང་རྒྱ་ནག་གི་ཤིན་ཧ་གསར་ལས་ཁང་སོགས་ཀྱིས་ཀྱང་བཀོད་སྤེལ་བྱས་ཡོད། འོན་ཀྱང་སྐབས་དེར་བོད་མི་ཁོང་གི་མིང་སོགས་ཁ་གསལ་བྱུང་མེད་ཀྱང་ད་ལྟ་འབྲེལ་ཡོད་བརྒྱུད་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཉིན་ཤས་སྔོན་གྱི་སྤྱི་ཟླ་༣པའི་ཚེས་༡༦ཉིན་ཨ་མདོ་རྨ་ལྷོ་རྩེ་ཁོག་སོ་ནག་ཏུ་རང་ལུས་མེར་བསྲེགས་གནང་མཁན་ནི་དགེ་འདུན་པ་འཇིགས་མེད་བསྟན་འཛིན་ལགས་ཡིན་པ་དང་། ཁོང་གིས་སོ་ནག་དགོན་པའི་གླིང་སྐོར་དུ་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་མ་ཐག་ས་གནས་རྒྱ་ནག་གི་ཉེན་རྟོག་པས་ཤེས་ཏེ་དགོན་པར་དམ་བསྒྲགས་བྱས་ཡོད་པ་དང་། ཉིན་དེ་ནས་བཟུང་རྩེ་ཁོག་ཕྱོགས་ཀྱི་ཁ་པར་དང་བརྡ་འཕྲིན་དྲ་ལམ་སོགས་བཀག་ནས་གནས་ཚུལ་ཕྱི་ལ་མི་ཁྱབ་པ་བཟོས་ཡོད་འདུག
འཇིགས་མེད་བསྟན་འཛིན་ལགས་ནི་རྩེ་ཁོག་ཕྱོགས་ཀྱི་སོ་ནག་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་དགེ་འདུན་པ་ཡིན་པ་དང་། ད་ལོ་དགུང་ལོ་༢༩ཙམ་ཡིན་པ་རེད་འདུག
ཉིན་དེར་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་ཀྱང་ཕྱི་ཚེས་༡༦ཉིན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང། དེ་མ་ཐག་ཉེན་རྟོག་པ་ས་གནས་སུ་ཕྱིན་ཡོད་སྐོར་ཙམ་གྱི་གནས་ཚུལ་སྤེལ་བ་ལས་ཞིབ་ཕྲ་གང་ཡང་འཁོད་མེད་པ་རེད། གནས་ཚུལ་དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་འབྲེལ་ཡོད་བརྒྱུད་རྩད་གཅོད་བྱས་སྐབས། ས་གནས་བོད་མི་ཞིག་གིས་ཁོ་རང་བྱ་དོར་སོ་ནག་དགོན་པར་ཉིན་དེར་སོང་སྐབས་དགོན་པ་ཡོངས་སུ་དམག་གིས་སྐོར་ནས་དམ་དྲག་བྱས་བསྡད་ཡོད་པར་བརྟེན་ཁོ་དགོན་པའི་ནང་ལ་བཏང་མ་སོང་བ་ངོ་སྤྲོད་བྱས་ཡོད།
རྩེ་ཁོག་ཕྱོགས་ཀྱི་སོ་ནག་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་ནི། སྤྱི་ལོ ༡༦༦༠ ལོར་གཡུ་རྔོག་བསམ་གཏན་རྒྱ་མཚོས་སོ་ནག་འབྲོག་ཏུ་ཟླ་བརྒྱད་པའི་ནང་མ་ཎིའི་ཆོས་ཐོག་བཙུགས་པ་དང་། སྤྱི་ལོ ༡༧༤༠ ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་མཚམས་འགའ་རབ་བྱུང་དགེ་ཚུལ་དང་། བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་སོ་ནག་གུར་སྒར་ཕྱག་འདེབས་མཛད་པ་ནས་དགོན་པ་འདི་བྱུང་བ་ཡིན་འདུག
གསར་འགོད་པ་ཀླུ་འབུམ