བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྷག་དཀར་གཟེངས་རྟགས་བོད་དོན་ལས་འགུལ་བ་གཉིས་དང་སྡེ་དགེའི་མི་མང་ལ་ཕུལ་འདུག

2024.08.28
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྷག་དཀར་གཟེངས་རྟགས་བོད་དོན་ལས་འགུལ་བ་གཉིས་དང་སྡེ་དགེའི་མི་མང་ལ་ཕུལ་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྷག་དཀར་གཟེངས་རྟགས་བོད་དོན་ལས་འགུལ་བ་གསུམ་ལ་ཕུལ་སྐབས། ༠༨།༢༤།༢༠༢༤
SFT

དེ་ཡང་འདས་པའི་གཟའ་མཇུག་སྟེ་ཟླ་བ་འདིའི་ཚེས་༢༤ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཙུགས་ཏེ་ལོ་ངོ་༣༠་འཁོར་བའི་དུས་དྲན་སྲུང་བརྩིའི་ཚུལ་དུ་ལོངས་ཤོག་མཚན་ཚོགས་ཞིག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་ལོ་རེའི་ནང་བོད་ཕྱི་ནང་གཉིས་སུ་གཟེངས་སུ་ཐོན་པའི་བོད་དོན་ལས་འགུལ་སྤེལ་གནང་མཁན་ཁག་ཅིག་ལ་བྱ་དགའ་ཕུལ་བ་ལྟར། ད་ལོར་ལྷག་དཀར་གཟེངས་རྟགས་དེ་བོད་ནང་གི་སྡེ་དགེ་ཁུལ་གྱི་དཀའ་ངལ་སྐབས་བོད་མི་ལས་འགུལ་བ་རྣམས་དང་། ལོ་གཅིག་རིང་བོད་དོན་ལས་འགུལ་སྤེལ་མཁན་ཨ་རིའི་ཧྥི་ལ་ཌལ་ཕི་ཡའི་ནང་བཞུགས་མཁན་ཐུབ་བསྟན་ཆོས་ཉིད་ལགས། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལོ་འདིའི་ནང་ཨ་རི་དང་ཡོ་རོབ་སོགས་སུ་འབྱོར་སྐབས་བློ་ཁོག་ཆེན་པོས་ལས་འགུལ་སྤེལ་མཁན་གཙོ་གྲས་ཚེ་ལྷ་རྫོགས་བཟང་ལགས་བཅས་སུ་ཕུལ་ཡོད་པ་དང་། ཡང་དེ་སྔ་ཕྱི་ལོ་༢༠༡༣ལོའི་ལྷག་དཀར་གཟེངས་རྟགས་ཐོབ་མཁན་བོད་ནང་བོད་དོན་ལས་འགུལ་སྤེལ་མཁན་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ད་རེས་དངོས་སུ་འདུ་འཛོམས་སར་ཕེབས་ནས་ལྷག་དཀར་གཟེངས་རྟགས་བཞེས་ཡོད་པ་རེད་འདུག ཐུབ་བསྟན་ཆོས་ཉིད་ལགས་ཀྱིས། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཁོང་གི་བོད་དོན་ལས་འགུལ་ལ་ངོས་འཛིན་གྱིས་གཟེངས་རྟགས་སྤྲད་པར་དགའ་ཚོར་བྱུང་ལ་ཐུགས་རྗེ་ཆེ་ཞུ། ད་ལྟའི་བོད་ནང་གི་གནས་སྟངས་དང་། གཞིས་བཞུགས་བོད་མིའི་འབོད་སྒྲ་ཚང་མས་མ་བརྗེད་པར་བོད་དོན་ལས་འགུལ་སྤེལ་རྒྱུ་གལ་ཆེན་རེད་ལ་དམིགས་བསལ་གཞོན་སྐྱེས་ཚོས་ཕྱོགས་གང་ཐད་ནས་ཤུགས་རྒྱག་རྒྱུ་གལ་ཆེན་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་རྒྱུན་རིང་ནས་བོད་དོན་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་(Jim McGovern)་ལགས་ཀྱིས། བོད་རང་བཙན་སློབ་ཕྲུག་ཚོགས་པས་འདས་པའི་ལོ་ངོ་༣༠རིང་བོད་དོན་ཞུ་གཏུག་སོགས་གནང་སྟབས་བོད་དོན་ཐོག་ཁྱད་པར་ཧ་ལས་པའི་ཆེན་པོ་བཟོས་ཡོད་ཅེས་བརྙན་ལམ་བརྒྱུད་འཚམས་འདྲི་གནང་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པས་ལོ་ངོ་༣༠་དུས་ཆེན་དང་འབྲེལ་དྲྭ་རྒྱའི་ཐོག་གསལ་བསྒྲགས་སྤེལ་བའི་ནང་། འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ཙམ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་ཐུབ་པ་དང་། རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤེལ་ཐུབ་པ། གཞོན་སྐྱེས་མང་པོར་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྟངས་སྦྱོང་བརྡར་སྤྲད་པ་སོགས་གང་ལྟར་དངོས་ཤུགས་བརྒྱུད་གསུམ་ནས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་ལོ་ངོ་བཅུ་ཕྲག་མང་པོའི་རིང་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་ཡོད་པའི་གནས་ཚུལ་རྣམས་རྒྱལ་སྤྱིའི་མང་ཚོགས་ལ་གོ་བརྡ་སྤྲོད་ཐུབ་པ་བྱུང་ཡོད་པ་དང་། ད་དུང་མུ་མཐུད་དུ་ང་ཚོའི་འཐབ་རྩོད་ཀྱི་མེ་ལྕེ་དེ་ཡལ་མ་བཅུག་པར་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་ལ་ཐོག་མཐའ་བར་གསུམ་དུ་མཐུན་འགྱུར་གནང་མཁན་དང་། ལྷག་པར་དུ་དཔལ་འབྱོར་གྱི་རོགས་རམ་གནང་མཁན། མཉམ་ཞུགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པ་ནི་དེ་སྔ་༡༩༩༤་ལོར་ཨ་མི་རི་ཀའི་ནང་གི་བོད་མི་གཞོན་སྐྱེས་ཁག་ཅིག་གིས་རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་ཐབས་ཆེད་དམིགས་ནས་གསར་འཛུགས་གནང་བ་དང་། ད་ཆ་ཁེ་ཎ་ཌ་དང་། རྒྱ་གར་བཅས་ཡུལ་གྲུ་ཁག་ཅིག་ནང་ཡན་ལག་ཚོགས་པ་ཡོད་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎