ནང་པའི་དགེ་སློང་མ་བརྒྱ་དང་བཞི་བཅུ་ལྷག་གཉན་ཡོད་དུ་དབྱར་གནས་ལ་བཞུགས་འདུག

དེ་ཡང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་མཆོག་གི་དགོངས་གཞི་དང་མཐུན་འགྱུར་གོ་སྒྲིག་འོག བོད་ཟླ་དྲུག་པའི་ཚེས་༡༥དང་སྤྱི་ཟླ་༨པའི་ཚེས་༡ཉིན་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐེངས་༢༥དབྱར་གནས་ལ་བཞུགས་པ་དང་། ཆོ་འཕྲུལ་བསྟན་པ་སོགས་རླབས་ཆེན་གྱི་མཛད་པ་དུ་མ་བསྐྱངས་སའི་ནང་པའི་གནས་ཆེན་(Shravasti)་འམ་མཉན་ཡོད་དུ་རྒྱལ་ཁབ་འདྲ་མིན་༡༠ནས་དགེ་སློང་མ་༡༤༥ལྷན་ཞུགས་ཀྱིས་རྒྱལ་སྤྱིའི་རང་བཞིན་གྱི་དབྱར་གནས་ཐེངས་༢པ་དེ་འགོ་འཛུགས་གནང་འདུག
འབྲི་གུང་སྐྱབས་མགོན་མཆོག་གི་མགྲིན་ཚབ་པ་མཁན་པོ་དཀོན་མཆོག་རང་གྲོལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་ནི་ལོ་ངོ་གཉིས་སྟོང་ལྔ་བརྒྱ་ལྷག་གི་རྗེས་ལ་དགེ་སློང་མའི་སྡེས་གནས་ཆེན་འདིར་དབྱར་གནས་ཚོགས་པ་ཐེངས་དང་པོ་ཡིན་པར་རྟེན། ནང་པ་སངས་རྒྱས་པའི་ལོ་རྒྱུས་ནང་ཟིན་ཐོ་གསར་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དེ་སྔོན་སྤྱི་ལོ་༢༠༡༩ལོར་རྒྱ་གར་གྱི་(Uttar Pradesh)་མངའ་སྡེའི་ནང་ཆགས་པའི་མཉན་ཡོད་དུ་འབར་མ་དང་། སེངྒ་ལ་སོགས་ནས་འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་༡༠༨ལྷན་བཞུགས་ཀྱི་དམ་ཆོས་འདུལ་བའི་ཕྱག་བཞེས་དང་མཐུན་པའི་དབྱར་གནས་ཚོགས་ཡོད་པ་དང་། འདི་ལོའི་དབྱར་གནས་ལ་ཨ་རི་དང་། ཐེ་ཝན། ཝེཏ་ནམ། འབྲུག་ཡུལ། རྒྱ་གར། བལ་ཡུལ། ཐེ་ལན་ཌི། ནེའུ་རྫི་ལེན་ཌི། ཨོསི་ཊརེ་ལི་ཡ། ཧྥ་རན་སི་སོགས་ནས་ཆེད་ཕེབས་གནང་འདུག
བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་བཙུན་དགོན་སྒྲོལ་མ་གླིང་གི་བཙུན་མ་བདེ་ཆེན་ཆོས་སྒྲོལ་ལགས་ཀྱིས། དབྱར་གནས་ཀྱི་འགན་འཁུར་གནང་མཁན་ཚོས་གོ་སྒྲིག་ཧ་ཅང་ཡག་པོ་གནང་འདུག་པས། འདི་ལྟ་བུའི་གནས་མཆོག་ཞིག་ལ་དབྱར་གནས་ལ་ལྷན་ཞུགས་བྱེད་རྒྱུ་བྱུང་བ་ནི་ཚེ་རབས་མང་པོར་བསོད་ནམས་བསག་པའི་ལས་འབྲས་ཡིན་པ་ངོས་འཛིན་གནང་གི་འདུག
ཡང་ཝེཏ་ནམ་ནས་ཡིན་པའི་བཙུན་མ་(Thich Dieu Hai)་ལགས་ཀྱིས། འབྲི་གུང་༧སྐྱབས་མགོན་མཆོག་གི་དགོངས་པ་རྒྱ་ཆེར་གཟིགས་ཏེ། ནང་པའི་བཙུན་མ་ཚོར་སྐལ་བཟང་གི་མཐུན་གྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དབྱར་གནས་ཀྱི་དུས་ཚིགས་འདི་ནི་གཙོ་བོ་སྲོག་གཅོད་སྤོེངས་པ་དང་དགེ་བའི་ལས་ལ་འབད་རྒྱུ་དེ་ཡིན་པས། ངོས་ཀྱི་གང་ཐུབ་ཀྱི་ཉམས་ལེན་བྱེད་རྒྱུ་ཡིན་གསུངས་བྱུང་།
ཨ་མི་རི་ཀ་ནས་ཡིན་པའི་དགེ་སློང་མ་ཐུབ་བསྟན་དམ་མཆོག་ལགས་ཀྱིས། ཐེངས་འདིའི་དབྱར་གནས་ཀྱི་དུས་ཡུན་རིང་། ང་ཚོས་སྒོམ་སྒྲུབ་ཉམས་ལེན་བྱེད་པའི་ཐོག ཐེ་ཝན་ནས་ཕེབས་པའི་བསྟན་པའི་གསལ་བྱེད་མཁན་མོ་(Gul Goang Fashi)་ལགས་ཀྱིས་འདུལ་བ་སོགས་སློབ་ཁྲིད་གནང་གི་ཡོད། མདོར་ན། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་བཅས་རྣམ་གསུམ་འཁོར་གྱི་སྒོ་ནས་དབྱར་གནས་ལ་ཞུགས་ཀྱི་ཡོད་པ་གསུངས་བྱུང་།
སྤྱིར་མཉན་ཡོད་ཀྱི་གནས་ཆེན་འདི་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན་པ་མ་ཟད། སྟོན་པ་རང་ཉིད་འཁོར་དགེ་འདུན་སྟོང་ཚོ་དང་ལྷན་དུ་ཐེངས་༢༥དབྱར་གནས་ལ་བཞུགས་པ་དང་། ཆོས་འཁོར་དུ་མ་བསྐོར་བ། དེ་བཞིན་ཆོ་འཕྲུལ་བསྟན་པ་སོགས་མཛད་པ་དུ་མ་བསྐྱངས་པའི་གནས་ཆེན་ཁྱད་པར་ཅན་ཞིག་ཡིན་པ་ལོ་རྒྱུས་ནང་གསལ་ཡོད་ལ། ལོ་རྒྱུས་སྨྲ་བ་དང་རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས། གནས་འདི་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་༧སྐུ་ཚེའི་ལོ་རྒྱུས་ནང་ནས་མང་ཤོས་བཞུགས་ས་དང་དབྱར་གནས་ལ་ཐེངས་མང་ཤོས་བཞུགས་སའི་གནས་ཆེན་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ལྟར། སྤྱི་ལོ་༢༠༡༥ལོར་མཉན་ཡོད་ནང་པའི་ཐེག་གསུམ་གཙུག་ལག་ཁང་རྟེན་གསར་བཞེངས་གནང་བ་མ་ཟད། མང་ཚོགས་ཁྲོད་ནང་ཆོས་གོ་རྟོགས་སྤེལ་སླད་མཉན་ཡོད་ནང་པའི་རིག་གཞུང་དུས་སྟོན་ཆེན་མོ་ཞེས་བ་ཡང་ཚོགས་སྲོལ་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།