མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་བོད་ནང་གི་གནས་སྟངས་ཐད་ཟུར་ཚོགས་གནང་འདུག

2024.09.16
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་བོད་ནང་གི་གནས་སྟངས་ཐད་ཟུར་ཚོགས་གནང་འདུག ཟུར་ཚོགས་ནང་མཉམ་ཞུགས་ཀྱིས་བོད་ནང་གི་གནས་སྟངས་ཐད་གཏམ་བཤད་གནང་མཁན་རྣམ་པ། ༠༩།༡༦།༢༠༢༤
མཐུན་འགྱུར་པར་རིས། /Kai Muller

སུད་སིའི་གྲོང་ཁྱེར་ཇི་ཎི་ཝའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༥༧པ་འཚོག་བཞིན་པ་ལྟར། ཕྱི་ཟླ་༩བའི་ཚེས་༡༦ཉིན་རྒྱབ་ཡོ་རོབ་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་སྐུ་ཞབས་(Kai Muller)་ལགས་ཀྱིས་གཙོ་སྐྱོང་གནང་བའི་ཐོག་རྒྱ་ནག་གཞུང་གིས་བོད་ནང་བོད་མིས་གཉེར་བའི་སློབ་གྲྭ་ཁག་བཙན་དབང་གིས་སྒོ་རྒྱག་འཇུག་བཞིན་པའི་གནད་དོན་ཐད་ཟུར་ཚོགས་ཤིག་འཚོགས་གནང་འདུག
ཟུར་ཚོགས་དེའི་ཐོག་གཏམ་བཤད་གནང་མཁན་ཁོངས་སུ་(Helsinki Foundation)་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་ལས་བྱེད་བསྟན་འཛིན་དཔལ་མོ་ལགས་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་གླེང་གནང་མཁན་(Tibet Justice Center)་ཞེས་པའི་ལས་ཁང་གི་(Gloria Montgomery)་ལགས། དེ་བཞིན་(Tibet Watch)་འམ་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་བཅས་མཉམ་ཞུགས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་ཐད་གཏམ་བཤད་གནང་བ་དང་། བོད་ནང་རྒྱ་ནག་གཞུང་གིས་ཤེས་ཡོན་སྲིད་བྱུས་བསྒྱུར་བཅོས་བཏང་བའི་སྐོར། རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་ནས་བོད་ནང་གི་གནས་སྟངས་དང་། རྒྱ་ནག་གི་སྲིད་ཇུས་སོགས་གླེང་ཡོད་འདུག
ཡོ་རོབ་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་(Kai Muller)་ལགས་ཀྱིས། ཟུར་ཚོགས་དེའི་ཐོག་ཕྱིའི་རྒྱལ་ཁག་གི་སྐུ་ཚབ་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་མིས་གཉེར་བཞིན་པའི་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་པའི་རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་སྐབས་ཟུར་ཚོགས་ཐོག་སྔར་རྒྱུན་བཞིན་མཉམ་ཞུགས་བྱས་བའི་རྒྱ་ནག་གི་སྐུ་ཚབ་ཀྱིས་གཏམ་བཤད་དང་བོད་ནང་བཙན་དབང་གིས་སློབ་གྲྭ་ཁག་སྒོ་བརྒྱབ་ཏུ་བཅུག་པའི་གནས་ཚུལ་ངོས་ལེན་བྱས་མེད་པ་སོགས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ད་དུང་ཁོང་གིས་བགྲོ་གླེང་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་ཉེ་ཆར་སྒོ་བརྒྱབ་བཅུག་པའི་སློབ་གྲྭ་ཁག་གི་གནས་སྟངས་ཐད་གྲོས་བསྡུར་གནང་ཡོད་པ་དང་། རྒྱ་ནག་གཞུང་གི་བྱ་སྤྱོད་དེས་རྐྱེན་པས་བཙན་བྱོལ་བོད་མིའི་ཁྲོད་ངོ་རྒོལ་བྱེད་མཁན་དང་སེམས་ཁྲལ་བྱེད་མཁན་མང་པོ་བྱུང་ཡོད་ལ། ཉེ་བའི་ཆར་བོད་དང་ཧི་མ་ལ་ཡའི་མངའ་ཁུལ་གྱི་མཁས་པ་བརྒྱ་ལྷག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་ལ་སྙན་ཞུ་ཞིག་ཀྱང་ཕུལ་ནས་འདིའི་ཐད་ཡོངས་གྲགས་སུ་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ད་རེས་ཟུར་ཚོགས་བརྒྱུད་བོད་ནང་གི་གནས་སྟངས་ཐད་རྒྱལ་སྤྱིའི་ངོས་ནས་དོ་སྣང་གནང་དགོས་པ་ཞིག་ཆགས་རྒྱུར་ཕན་ཐོགས་བྱུང་སོང་ཅེས་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་རྨི་ལམ་མངོན་སུམ་དུ་གྲུབ་པ་ལྟ་བུ་ཞིག་བྱུང་ཞེས། ཤིམ་ལའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་སྐུ་ཞབས་ Rajiv Shakdher ལགས་ཀྱིས་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎