སྲིད་སྐྱོང་མཆོག་དང་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་བར་མཇལ་མོལ་ཐད་རྒྱ་ནག་གི་གསར་ལམ་ནང་སྐྱོན་བརྗོད།
2020.11.23
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་ཨ་རིའི་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་བར་མཇལ་མོལ་གནང་བའི་ཐད་རྒྱ་ནག་གི་གསར་ལམ་ནང་སྐྱོན་བརྗོད་དང་དཔྱད་གཏམ་སྤེལ་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་དཔོན་རིགས་ལྷན་མཇལ་མོལ་ཆེད་ཕེབས་པ་དེར། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་(Global Times)ཞེས་པས་སྐྱོན་བརྗོད་དང་འབྲེལ་དེར་ཨ་མི་རི་ཀའི་གཞུང་གིས་དམིགས་ཡུལ་མང་དག་ཅིག་བཟུང་ཡོད་པའི་སྐོར་གནས་ཚུལ་བཀོད་སྤེལ་བྱས་འདུག
དེ་ཡང་ཕྱི་ཚེས་༢༢ཉིན་བཏོན་པའི་རྒྱ་ནག་གཞུང་འབྲེལ་གསར་ཤོག་དེའི་ནང་། ད་ཐེངས་ཨ་མི་རི་ཀའི་གཞུང་གི་བྱེད་སྟངས་དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གྱི་རྣམ་པ་ཙམ་མ་ཟད། བོད་དོན་གྱི་གནས་ཚུལ་ཁག་གི་ཐོག་སྔོན་ཚུད་ནས་གང་ཅིའི་ལས་དོན་སྤེལ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པའི་སྐོར་བཀོད་ཡོད་པ་རེད། དེ་བཞིན་གོང་ཞུས་གནས་ཚུལ་དེའི་ནང་འཆར་ཅན་ལྟར། བོད་ཀྱི་གནད་དོན་ནི་རྒྱ་ནག་གིས་རྩ་ཆེར་འཛིན་པའི་གནད་དོན་གཙོ་བོ་ཞིག་ཡིན་རབས་དང་། ད་ཐེངས་སྲིད་སྐྱོང་དང་ཨ་མི་རི་ཀའི་གཞུང་གི་དཔོན་རིགས་བར་གྱི་མཇལ་མོལ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཚབས་ཆེའི་ཐེ་བྱུས་ཤིག་ཡིན་ལུགས་དང་། དེས་རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་ཚབས་བསྐྱེལ་ཡོད་པའི་སྐོར་བཀོད་ཡོད་པ་རེད།
ད་དུང་རྒྱ་ནག་གཞུང་གི་གསར་འགྱུར་དེའི་ནང་། ཨ་མི་རི་ཀའི་སྲིད་འཛིན་(Trump)གཞུང་འཛིན་དེ་མ་འཕོས་གོང་རྒྱ་ནག་ལ་གང་ཅིའི་ཐོག་དཀའ་རྙོག་བཟོ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པའི་ཁོངས་བོད་ཀྱི་གནད་དོན་དེ་གཅིག་ཆགས་ཀྱི་ཡོད་པའི་སྐོར་ཡང་བཀོད་ཡོད་པ་རེད།
ཡང་གསར་འགྱུར་དེའི་ནང་ཨ་མི་རི་ཀའི་བདམས་ཐོན་སྲིད་འཛིན་(Joe Biden)ལགས་ཀྱི་གཞུང་གི་སློབ་སྟོན་པ་ཕལ་ཆེ་བ་དེ་སྔོན་སྲིད་འཛིན་(Barak Obama)ལགས་ཀྱི་སློབ་སྟོན་པ་རྣམས་གཏན་འཁེལ་རྒྱུ་ཡིན་ལུགས་དང་། ཁོང་ཚོས་རྒྱ་ནག་གི་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་འགྱུར་བ་དེ་ཙམ་གཏོང་རྒྱུ་མིན་ལུགས་དང་། བོད་དོན་གྱི་སྲིད་བྱུས་ཐོག་ཡང་གཞི་རྩའི་འགྱུར་བ་དེ་ཙམ་གཏོང་རྒྱུ་མིན་ལུགས་སོགས་བཀོད་འདུག
ཚེས་༢༠ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་ཐོག་ཕེབས་ནས། ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྐུ་ཚབ་རྣམ་པ་དང་། དེ་བཞིན་ཨེ་ཤེ་ཡ་དང་རྒྱ་ནག་ཐོག་ཕྱག་ལས་གནང་མཁན་གཙོ་བོར་གྱུར་པའི་ཨ་རིའི་ཕོ་བྲང་དཀར་པོའི་གནད་ཡོད་མི་སྣ་ཁག་གཅིག་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སྐོར་བཀའ་མོལ་གནང་ཡོད་པ་སྲིད་སྐྱོང་མཆོག་གིས་གསུང་ཡོད།